མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་གྱིས་ཚན་ཆུང་བགོས་ནས་ལས་རིགས་སོ་སོའི་གྲོས་མོལ་གྲོས་ཚོགས་ལ་ཞུགས།
2021.03.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 49

ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པས་ལས་རིགས་སོ་སོའི་གྲོས་མོལ་གྲོས་ཚོགས་བསྡུས་ནས། རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དོན་དང་མི་རིགས་ས་ཁུལ་གྱི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་སོགས་ལས་རིགས་སོ་སོས་སེམས་ཁུར་བྱེད་པའི་གྲོས་དོན་ལ་དམིགས་ནས་གྲོས་མོལ་ཇུས་འདོན་བྱས། མཚོ་སྔོན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་སོ་སོར་ལས་རིགས་སོ་སོའི་གྲོས་མོལ་གྲོས་ཚོགས་ལ་ཞུགས་ཏེ། འཛུགས་སྐྲུན་རང་བཞིན་ལྡན་པའི་གྲོས་གཞི་མང་པོ་བཏོན།

རྒྱལ་གཅེས་ཆོས་ལུགས་ཚོགས་པ་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པའི་བརྗོད་དོན་གྲོས་མོལ་གྲོས་ཚོགས་སྟེང་། ཨུ་ཡོན་རིན་ཆེན་རྣམ་རྒྱལ་གྱིས་བཤད་རྒྱུར། རྒྱལ་གཅེས་ཆོས་ལུགས་ཚོགས་པ་ནི་ཆོས་ལུགས་བྱ་བ་བཟང་བོར་སྒྲུབ་པའི་རྨང་གཞི་རང་བཞིན་གྱི་སྟོབས་ཤུགས་ཡིན་པས། སྲིད་ཇུས་དྲིལ་སྒྲོག་བྱེད་པ་དང་འབྲེལ་བ་མཐུན་སྦྱོར་བྱེད་པ། འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་བཟང་བོ་བྱེད་དགོས་ཟེར།

རྒྱལ་ཁབ་ཚན་རྩལ་ཆེད་དོན་གྱི་བརྗོད་དོན་གྲོས་མོལ་གྲོས་ཚོགས་སྟེང་། ཨུ་ཡོན་ཏུའུ་ཏི་ཀྲི་ཡིས་བཤད་རྒྱུར། འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་གཙོ་གནད་ནི་ས་བོན་དང་རྨོ་ཞིང་ཡིན། སོན་བཟང་སྐྱེད་སྲིང་བྱེད་པ་ནི་ས་བོན་གནད་དོན་ཐག་གཅོད་པའི་གནད་འགག་ཡིན་པ་དང་། སོན་བཟང་སྐྱེད་སྲིང་གཞུང་ལུགས་དང་ལག་རྩལ་བྱེད་ཐབས་ཀྱི་གསར་གཏོད་ནི་ཐོད་བརྒལ་རང་བཞིན་གྱི་སོན་རྒྱུད་སྐྱེད་སྲིང་བྱེད་པའི་རྨང་གཞི་གལ་ཆེན་ཡིན། རྒྱལ་ཁབ་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་འབྲེལ་ཡོད་ལོ་ཏོག་གི་སོན་རྒྱུད་སྐྱེད་སྲིང་བྱེད་པའི་སྤྱིའི་རང་བཞིན་གྱི་གཞུང་ལུགས་དང་ལག་རྩལ་གསར་གཏོད་ཀྱི་ཚན་རྩལ་ཆེད་དོན་ཆེན་པོ་ལག་བསྟར་བྱས་ནས། འཛམ་གླིང་ཡོངས་ཀྱི་ལོ་ཏོག་གི་སོན་བཟང་སྐྱེད་སྲིང་བྱེད་པའི་གོ་སྐབས་བརྩོན་ལེན་བྱེད་པའི་ཐད་རྨང་གཞི་བརྟན་པོ་འདིང་རྒྱུའི་གྲོས་གཞི་བཏོན།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་ལ་དམིགས་ནས། བྱང་ཚད་མཐོ་བའི་ངལ་རྩོལ་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་བརྗོད་དོན་གྲོས་མོལ་གྲོས་ཚོགས་སྟེང་། ཨུ་ཡོན་ཞིན་ཀྲན་ཞུང་གིས་བཤད་རྒྱུར། བྱང་ཚད་མཐོ་བའི་ངལ་རྩོལ་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་ན། ལོ་བཅུ་གཉིས་ཀྱི་འོས་འགན་སློབ་གསོ་དང་མཐོ་རིམ་ལས་རིགས་ལག་རྩལ་སློབ་གསོའི་མཉམ་འབྲེལ་མ་དཔེ་འཚོལ་ཞིབ་དང་ལག་བསྟར་བྱེད་པ་དང་། རྩལ་ནུས་མཐོ་བའི་ཤེས་ལྡན་མི་སྣ་དང་བཟོ་སྐྲུན་པ་ཆེན་པོ་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས། ཞིང་སྡེ་གསར་པའི་འཕེལ་རྒྱས་དང་ཞིང་པའི་སློབ་ཆེན་འཛུགས་པར་ཁ་གཏད་དེ། ཐོན་ལས་བཟོ་བར་ཡང་བསྐྱར་སློབ་གསོ་གཏོང་བ་དང་། གནད་འགག་ལག་རྩལ་གྱི་སློབ་སྦྱོང་གསོ་སྦྱོང་ལ་ཤུགས་སྣོན་རྒྱུའི་གྲོས་གཞི་བཏོན།

ཐབས་ལམ་མང་པོས་མི་རིགས་ས་ཁུལ་གྱི་ལས་ཞུགས་བྱ་བ་སྤེལ་བའི་བརྗོད་དོན་གྲོས་མོལ་གྲོས་ཚོགས་སྟེང་། ཨུ་ཡོན་ཅིན་ཧྭ་ཡིས་རྒྱལ་ཁབ་ཀྱི་ངོས་ནས་མཁོ་འདོན་སྣེའི་ལས་རིགས་གྲུབ་ཚུལ་ལེགས་སྒྲིག་བྱེད་པ་དང་། ལས་ཞུགས་སྲིད་ཇུས་ཀྱི་འདེགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། མི་ཤུགས་ཐོན་ཁུངས་ཚོང་ར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ། མི་རིགས་ལས་བྱེད་པ་སྐྱེད་སྲིང་གསོ་སྦྱོང་བྱ་བ་བཟང་བོར་བསྒྲུབ་ནས། མི་རིགས་ས་ཁུལ་གྱི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པའི་འགུག་ཤུགས་མཐོར་འདེགས་གཏོང་རྒྱུའི་གྲོས་གཞི་བཏོན།

ཨུ་ཡོན་ཚོས་ད་དུང་དམངས་གཉེར་ཁེ་ལས་ཀྱིས་ལོ་ལྔའི་འཆར་འགོད་བཅུ་བཞི་ལག་བསྟར་བྱེད་པའི་ཁྲོད་ཀྱི་ནུས་པ་གལ་ཆེན་དང་ལས་རིགས་གསར་པའི་ན་གཞོན་འཚར་ལོངས་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་བརྗོད་དོན་ལ་དམིགས་ནས་གྲོས་མོལ་གྲོས་སྡུར་བྱས།

ལོ་ཙཱ་བ། རིན་ཆེན་མཚོ།