མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་གསར་འགྱུར་སྒྲོག་སྤེལ་གྲོས་ཚོགས་བསྡུས།
2021.04.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་གྱིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། ད་ལོའི་ཟླ་གསུམ་པར་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་མཚོ་སྔོན་ཞིང་ཆེན་གྱི་བྱི་ནད་འགོག་བཅོས་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཐུན་ཡིད་རྟོན་ཆ་འཕྲིན་སྲོལ་ཡིག་གཉིས་ཀྱི་ནང་དོན་དང་རྒྱབ་ལྗོངས། འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།

སྒྲོག་སྤེལ་གྲོས་ཚོགས་སྟེང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་གྱིས་སྲོལ་ཡིག་གཉིས་ལག་བསྟར་བྱས་པའི་གནས་ཚུལ་དང་ཁྲིམས་འཛུགས་གོ་རིམ། ནང་དོན་གཙོ་བོ། དམིགས་འབེན་དོན་སྙིང་། གོ་རིམ་རྗེས་མའི་བྱ་བའི་འཆར་འགོད་སོགས་ཐད་ནས་གསར་འགྱུར་སྒྲོག་སྤེལ་བྱས།

མཚོ་སྔོན་ཞིང་ཆེན་གྱི་བྱི་ནད་འགོག་བཅོས་སྲོལ་ཡིག་ལ་བསྡོམས་པས་ལེའུ་སོ་བརྒྱད་ཡོད་པ་དང་། སོ་སོར་རྩ་དོན་བྱེད་ཕྱོགས་དང་བྱ་བའི་རྐྱེན་སྲོལ། སྔོན་འགོག་བྱེད་ཐབས། ཚོད་འཛིན་བྱེད་ཐབས། བཅའ་ཁྲིམས་འགན་འཁྲི་སོགས་ཀྱིས་གྲུབ། སྲོལ་ཡིག་ནང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་བྱི་ནད་འགོག་བཅོས་ཀྱི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་པ་དང་། ཀུན་གྱིས་འགོག་བཅོས་བྱེད་པའི་རིམས་ནད་འགོག་བཅོས་མ་ལག་བཙུགས་ལ། སྤྱི་ཚོགས་ཡོངས་བྱི་ནད་འགོག་བཅོས་བྱ་བའི་ཁྲོད་ཞུགས་པའི་མཉམ་ཤུགས་གྲུབ་པར་བྱས་པ་དང་། སྔོན་འགོག་གཙོར་བྱས་པའི་རིམས་ནད་འགོག་བཅོས་བྱེད་ཐབས་མངོན་པར་བྱས་ལ། དེ་དང་མཉམ་དུ། བྱི་ནད་འགོག་བཅོས་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ཐད་ནས་བཅའ་ཁྲིམས་འགན་འཁྲི་ནན་མོ་གཏན་ཁེལ་བྱས། སྲོལ་ཡིག་དེ༢༠༢༡ལོའི་ཟླ་བཞི་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱས་པ་དང་། གོ་རིམ་རྗེས་མར། རང་ཞིང་གི་འཕྲོད་བསྟེན་བདེ་ཐང་གཙོ་འགན་སྡེ་ཁག་གིས་གཅིག་བསྡུས་དྲིལ་སྒྲོག་རྩ་འཛུགས་བྱེད་པ་དང་། སློབ་སྦྱོང་གསོ་སྦྱོང་ལ་ཤུགས་སྣོན་པ། བྱ་བའི་བྱེད་ཐབས་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་པ། ཁྱོན་ཡོངས་ལ་ཁེབས་པར་བྱེད་པ། ཁྲིམས་ལྟར་འགོག་བཅོས་བྱེད་པའི་ནུས་པ་མཐོར་འདེགས་བཏང་སྟེ། བྱི་ནད་བྱུང་བ་དང་བརྒྱུད་སྒྲོག་བྱེད་པར་སྔོན་འགོག་ཚོད་འཛིན་བྱེད་པར་ཁག་ཐེག་བྱེད་པ་དང་། མི་ལུས་བདེ་ཐང་དད་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་པ། རྒྱུན་ལྡན་གྱི་སྤྱི་ཚོགས་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།