ཞི་ཅིན་ཕིང་གིས་སི་ར་ལ་ཨོང་གི་ཙུང་ཐུང་ལ་ཁ་པར་བཏང་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ཏེ་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས།
2021.07.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 5

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་སི་ར་ལ་ཨོང་གི་ཙུང་ཐུང་པིས་ཨོ་ལ་ཁ་པར་བཏང་ནས། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཁ་པར་ལས་བསྟན་དོན། ཀྲུང་གོ་དང་སི་ར་ལ་ཨོང་བར་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཙམ་སོང་བའི་རིང་ལ། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ག་འདྲ་བྱུང་རུང་། རྒྱལ་ཁབ་གཉིས་ཀྱིས་ ཁེ་ཕན་གཙོ་བོ་དང་ཆེས་དོ་ཁུར་བྱེད་སའི་གནད་དོན་སྟེང་དུ་ཕན་ཚུན་བསམ་ཤེས་དང་རྒྱབ་སྐྱོར་བྱས་པར་བརྟེན། དཔལ་འབྱོར་དང་དམངས་ཚིས་ཁྱབ་ཁོངས་སུ་ཕན་འབྲས་ཆེན་པོ་ལྡན་པའི་མཉམ་ལས་སྤེལ། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་རྩོད་ཛ་དྲག་ཅན་ལ་ཁ་གཏད་འཇལ་བར། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཕན་ཚུན་སོ་སྲུང་རོགས་རེས་དང་དཔུང་བ་མཉམ་གཞིབ་བྱས་ཏེ། སྐྱིད་སྡུག་མཉམ་མྱོང་གི་ཕུ་ནུ་ལྟ་བུའི་བརྩེ་བ་མཚོན་པར་བྱས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ངས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་མཐོང་ཆེན་བྱེད་ཀྱིན་ཡོད་ཅིང་། ཙུང་ཐུང་པིས་ཨོ་དང་ལྷན་དུ་འབད་བརྩོན་ལྷོད་མེད་བྱས་ཏེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བ་གོ་སྐབས་སུ་བརྩིས་ནས། མཛའ་མཐུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་དུ་སྤེལ་བ། རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་འཐབ་ཇུས་རོགས་རེས་འབྲེལ་བ་ཟམ་མི་ཆད་པའི་ངང་འཕེལ་བར་སྐུལ་འདེད་བཏང་མཐར། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད།

པིས་ཨོ་ཡིས་རྟེན་འབྲེལ་ཁ་པར་ལས་བསྟན་དོན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འཁོར་བའི་རིང་ལ། ཕྱོགས་གཉིས་ཀས་ཕན་ཚུན་བརྩི་མཐོང་དང་ཕན་ཚུན་ཡིད་ཆེས་བྱས་པ་དང་། ཕན་ཚུན་བར་འདྲ་མཉམ་གྱི་ལྟ་སྟངས་བཟུང་བ་དང་ཐུན་མོང་དར་རྒྱས་འགྲོ་བའི་ཆོས་ཉིད་བརྩི་སྲུང་བྱས་ཏེ། སེམས་པ་རྣམ་དག་གི་སྒོ་ནས་མཛའ་མཐུན་དང་མཐུན་སྒྲིལ་རོགས་རེས་ལ་འབད་པས། ཕྱོགས་གཉིས་དང་རྒྱལ་སྤྱིའི་ངོས་ཐད་ནས་མཉམ་ལས་བཟང་བོ་སྤེལ་ནས། དེ་བསྟུན་གྱི་གྲུབ་འབྲས་ཆེན་པོ་ལོན། སི་ར་ལ་ཨོང་གིས་ཀྲུང་གོ་ཕྱོགས་དང་ལྷན་དུ་འབད་འབུངས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་སྲོལ་རྒྱུན་མཛའ་མཐུན་འབྲེལ་བ་ཇེ་བརྟན་དུ་གཏོང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་དུ་སྤེལ་འདོད་པའི་བསམ་ཚུལ་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།