ཞིང་ཆེན་ནར་མ་སོན་པའི་མི་ཡི་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།
2021.07.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

ཟླ་བདུན་པའི་ཚེས་ཉེར་བརྒྱད་ཉིན། ཞིང་ཆེན་ནར་མ་སོན་པའི་མི་ཡི་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིས་ཅེ་ཞང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད་པ་དང་། ཧྲིན་ཀྲང་གཞོན་པ། མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། ནར་མ་སོན་པའི་མི་ཡི་སྲུང་སྐྱོབ་བྱ་བ་དེ་རྒྱལ་ཁབ་ཀྱི་མ་འོངས་པར་འབྲེལ་བ་ཡོད་པ་དང་མི་རིགས་བསྐྱར་དར་དང་མི་དམངས་བདེ་སྐྱིད་ཡོང་བར་འབྲེལ་བ་ཡོད། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནར་མ་སོན་པའི་མི་ཡི་སྲུང་སྐྱོབ་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་དངོས་འབེབས་བཟང་བོ་བྱེད་པ་དང་དེར་རྒྱུས་ལོན་ཟབ་མོ་བྱེད་དགོས་ལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནར་མ་སོན་པའི་མི་ཡི་སྲུང་སྐྱོབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་ནར་མ་སོན་པའི་མི་ཡི་སྲུང་སྐྱོབ་བྱ་བའི་གལ་ཆེན་རང་བཞིན་གསལ་བོར་ཤེས་པར་བྱེད་པ་དང་། འགན་འཁྲིའི་བསམ་པ་དང་དགོས་གལ་བསམ་པ་ཇེ་དྲག་ཏུ་གཏོང་དགོས་ལ། ཁྲིམས་ལྟར་ནར་མ་སོན་པའི་མི་ཡི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ་དང་། སློབ་གྲྭའི་བདེ་འཇགས་ཁག་ཐེག་བྱེད་པར་མ་ཟད། ནར་མ་སོན་པའི་མི་ཡི་དྲ་རྒྱའི་བར་སྟོང་བཅོས་སྐྱོང་ལ་ཤུགས་སྣོན་ཞིང་ནར་མ་སོན་པའི་མི་ལ་གནོད་སྐྱེལ་བའི་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་པ་དང་། དཀའ་ཁག་ཆེ་བའི་བྱིས་པ་དང་ཞིང་སྡེའི་གཞིས་སྲུང་བྱིས་པར་སེམས་ཁུར་བྱས་ནས། ཁྱོན་ཡོངས་ཀྱི་སྲུང་སྐྱོབ་ལམ་ལུགས་མ་ལག་ཆགས་པར་བྱེད་དགོས།

ཚོགས་ཐོག་ནས་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བྱ་བའི་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་ཏེ། རྩ་འཛུགས་མཐུན་སྦྱོར་ལ་ཤུགས་སྣོན་ཞིང་ལྟ་སྐུལ་མཛུབ་སྟོན་ནུས་པ་ཇེ་ཆེར་བཏང་ནས། ནར་མ་སོན་པའི་མི་ཡི་སྲུང་སྐྱོབ་བྱ་བ་འགན་སྲུང་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་རྩ་འཛུགས་འགན་སྲུང་ལ་ཤུགས་སྣོན་ཞིང་དྲིལ་སྒྲོག་སློབ་གསོར་སྐུལ་འདེད་གཏོང་བ་དང་། ལྟ་སྐུལ་མཛུབ་སྟོན་དཔྱད་ཞིབ་བྱ་བ་བཟང་བོར་བསྒྲུབ་ནས། ནར་མ་སོན་པའི་མི་ཡི་སྲུང་སྐྱོབ་བྱ་བའི་ཐད་ནས་གྲུབ་འབྲས་མངོན་གསལ་ལེན་པར་སྐུལ་འདེད་གཏོང་དགོས་བའི་རེ་བ་བཏོན།

                                                                                                བཀྲ་ཤིས་འབུམ་གྱིས་བསྒྱུར།