ཞི་ཅིན་ཕིང་གི་མངགས་བཅོལ་ལྟར་སློབ་གསོ་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་དབྱང་ཀྲིན་ཉིང་ལ་འཚམས་འདྲི་བྱས།
2021.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 14

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར་དུ། སློབ་གསོ་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་ཆིན་ཧྭ་སློབ་ཆེན་དུ་སོང་ནས། ཀྲུང་གོ་ཚན་རིག་གླིང་གི་ཡོན་ཧྲི། དངོས་ལུགས་རིག་པའི་ཆེད་མཁས་པ་གྲགས་ཅན་དབྱང་ཀྲིན་ཉིང་ལ་འཚམས་འདྲི་བྱས་ཏེ། ཞི་ཅིན་ཕིང་གི་ཚབ་བྱས་ནས་མེ་ཏོག་ཕུལ་བ་དང་ཞི་ཅིན་ཕིང་གིས་ཁོ་ལོ་བརྒྱ་བུད་པར་སྨོན་འདུན་ཞུས་པ་བསྒྲགས་པར་མ་ཟད། ཁོ་ལུས་ཕུང་བདེ་ཐང་ཡོང་བ་དང་སྐུ་ཚེ་རིང་བའི་སྨོན་འདུན་ཞུས།

དབྱང་ཀྲིན་ཉིང་ནི་གཅིག་དགུ་ཉེར་གཉིས་ལོའི་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་ཨན་ཧོས་ཧི་ཧྥེ་རུ་སྐྱེས། དུས་རབས་སྔོན་མའི་ལོ་རབས་བཞི་བཅུ་པར་ཨ་མེ་རི་ཁ་རུ་སློབ་སྦྱོང་ལ་སོང་བ་དང་དེ་རུ་དགེ་རྒན་བྱས། གཅིག་དགུ་ང་བདུན་ལོར་ལིས་ཀྲིན་ཏའོ་དང་མཉམ་དུ་ནོ་པེར་དངོས་ལུགས་རིག་པའི་བྱ་དགའ་ཐོབ། ཁོས་བཏོན་པའི“དབྱང—མིར་སིའི་ཚད་ལྡན་ར་བའི”དཔྱད་པ་ནི་དུས་རབས་ཉི་ཤུ་པའི་དངོས་ལུགས་རིག་པའི་གྲུབ་འབྲས་གལ་ཆེན་ཞིག་ཡིན། ཉིས་སྟོང་གསུམ་ལོ་ནས་བཟུང་། དབྱང་ཀྲིན་ཉིང་ཕྱིར་མེས་རྒྱལ་དུ་ལོག་ནས་གཏན་སྡོད་བྱས་ཏེ་ཆིན་ཧྭ་སློབ་ཆེན་དུ་དགེ་རྒན་གྱི་ཕྱག་ལས་གནང་ནས། འཇོན་ཐང་མི་སྣ་སྐོར་ཞིག་གསོ་སྐྱོང་བྱས་པ་དང་། ཀྲུང་ཕྱིའི་རིག་གཞུང་བསམ་བློ་བརྗེ་རེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་མྱོང་།

བན་དེ་སྐྱབས་ཀྱིས་བསྒྱུར།