ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤེས་བྱའི་ཐོན་དབང་གི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་རྩ་འཛིན་ཞེས་པ་དཔར་ནས་བཀྲམ།
2021.09.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 22

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཤེས་བྱའི་ཐོན་དབང་གི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི(ཉིས་སྟོང་ཉེར་གཅིག་ལོ་ནས་ཉིས་སྟོང་སོ་ལྔ་ལོའི་བར་གྱི)རྩ་འཛིན་ཞེས་པ་དཔར་ནས་བཀྲམ་པར་མ་ཟད། བརྡ་ཐོ་བཏང་ནས་ས་གནས་དང་སྡེ་ཁག་སོ་སོསོ་དངོས་ཡོད་དང་ཟུང་དུ་སྦྲེལ་བའི་སྒོ་ནས་དངོས་འབེབས་ནན་མོ་བྱེད་དགོས་པའི་བླང་བྱ་བཏོན།

རྩ་འཛིན་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་འགན་སྲུང་དང་སྲུང་སྐྱོབ་དམ་པོར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ། སྤུས་ཚད་ཀྱིས་སྣེ་འདོམས་བྱེད་པ་བཅས་གནད་སར་བཟུང་ནས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་སྒོས་ཚན་རིག་གི་བཅོས་སྐྱོང་ལག་བསྟར་བྱེད་པ། མཉམ་ལས་གཉིས་རྒྱལ་བཅས་ཀྱི་བྱ་བའི་ཆོས་ཉིད་ལྟར་དུ། ཉིས་སྟོང་ཉེར་ལྔ་ལོའི་བར་ཤེས་བྱའི་ཐོན་དབང་གི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་ལས་དོན་ལ་ཕན་འབྲས་ངེས་ཅན་ལོན་པར་བྱེད་རྒྱུ་དང་ཤེས་བྱའི་ཐོན་དབང་ལ་སྲུང་སྐྱོབ་ནུས་ལྡན་བྱེད་པ། སྤྱི་ཚོགས་ཀྱི་ཡིད་ཚིམ་ཚད་སྔར་ལས་ཇེ་མཐོར་གཏོང་བར་འབད་དེ། ཤེས་བྱའི་ཐོན་དབང་གི་ཁྲོམ་རའི་རིན་ཐང་མངོན་སུམ་གྱིས་གཟེངས་སུ་ཐོན་པར་བྱེད་པ་དང་མིང་གྲགས་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་མངོན་སུམ་གྱིས་ཇེ་མཐོར་གཏོང་དགོས།

རྩ་འཛིན་ལས་ནན་གྱིས་བསྟན་དོན། ཏང་གིས་ཁྱོན་ཡོངས་ནས་ཤེས་བྱའི་ཐོན་དབང་གི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་ལས་དོན་གྱི་སྣེ་ཁྲིད་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཀྲུང་དབྱང་དང་ས་གནས་ནོར་སྲིད་ཀྱི་དངུལ་གཏོང་འགན་སྲུང་ལམ་ལུགས་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། དཔྱད་ཞིབ་དཔྱད་འཇོག་ལ་ཤུགས་སྣོན་དགོས། ཏང་སྲིད་འགོ་ཁྲིད་ལས་བྱེད་པ་དང་རྒྱལ་དབང་ཁེ་ལས་འགོ་ཁྲིད་ཚན་ཁག་གི་དཔྱད་ཞིབ་ལས་དོན་ཁྲོད། ཤེས་བྱའི་ཐོན་དབང་གི་འབྲེལ་ཡོད་ལས་དོན་ཕན་འབྲས་ལ་དོ་སྣང་བྱེད་དགོས། ས་གནས་ཀྱི་རིམ་པ་སོ་སོའི་སྲིད་གཞུང་གིས་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། ཤེས་བྱའི་ཐོན་དབང་གི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་ལས་དོན་ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ཁྱབ་ཁོངས་སུ་འཇོག་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།