ལིའུ་ཐའོ་ཡིས་མགོ་འཛིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ས་ཞིང་རྒྱུན་ལྡན་ལྟ་ཞིབ་ཕྱིར་ལྡོག་གནད་དོན་དག་ཐེར་བཅོས་སྒྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།
2021.10.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཟླ་བཅུ་པའི་ཚེས་ཉེར་གཉིས་ཉིན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཡོངས་ཀྱི་ས་ཞིང་རྒྱུན་ལྡན་ལྟ་ཞིབ་ཕྱིར་ལྡོག་གནད་དོན་དག་ཐེར་བཅོས་སྒྱུར་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་ཐའོ་ཡིས་མགོ་འཛིན་བྱས་ཏེ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ས་སྲུང་སྐྱོབ་དང་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་ཟབ་མོ་བླངས་ཏེ། གནད་འགག་བྱ་བ་དང་དམ་པོར་སྦྲེལ་བ་དང་ནུས་ལྡན་བྱེད་ཐབས་སྤྱད་ནས། དུས་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་དག་ཐེར་བཅོས་སྒྱུར་བྱ་བ་ཡོངས་འགྲུབ་བྱེད་རྒྱུར་འགན་སྲུང་བྱེད་དགོས་ཟེར།

ལིའུ་ཐའོ་ཡིས་བཤད་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཐོང་ཆེན་བྱས་པ་དང་ཧུར་ཐག་སྒོས་ས་ཞིང་རྒྱུན་ལྡན་ལྟ་ཞིབ་ཕྱིར་ལྡོག་གནད་དོན་དག་ཐེར་བཅོས་སྒྱུར་ལ་སྐུལ་འདེད་བཏང་ཞིང་། ས་གནས་སོ་སོ་དང་འབྲེལ་ཡོད་ལས་ཁུངས་ཀྱིས་རྩ་འཛུགས་ཞིབ་མོ་བྱས་པ་དང་། མྱུར་དུ་འགུལ་སྐྱོད་སྤེལ་ནས། དག་ཐེར་བཅོས་སྒྱུར་བྱ་བའི་ཐད་ནས་དུས་སྐབས་རང་བཞིན་གྱི་གྲུབ་འབྲས་བླངས། ཡིན་ནའང་ས་གནས་སོ་སོས་ཡོངས་འགྲུབ་བྱས་ཚད་དོ་མི་མཉམ་པ་དང་མཐུན་སྦྱོར་གཞོགས་འདེགས་བྱས་པ་དོན་ཐོག་ཏུ་འཁྱོལ་མེད་པ་སོགས་ཀྱི་གནད་དོན་གནས་ཡོད་པས། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཡང་དག་པའི་སྒོ་ནས་སྲིད་ཇུས་ཁོང་དུ་ཆུད་པར་བྱེད་པ་དང་། ཤུགས་ཚད་དང་སྤོབས་པ་ཆེར་བསྐྱེད་དགོས་ལ།  ཆད་ལུས་མེད་པར་དག་ཐེར་བཅོས་སྒྱུར་བྱ་བ་དམ་འཛིན་བྱེད་དགོས་ཟེར།

ལིའུ་ཐའོ་ཡིས་བསྟན་དོན། དག་ཐེར་བཅོས་སྒྱུར་བྱ་བ་མཁྲེགས་གཏོར་དུས་སྐབས་སུ་སླེབས་འདུག་པས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པ། འགན་འཁྲི་ལག་བསྟར་ནན་མོ་བྱེད་དགོས། ས་གནས་སོ་སོས་གཙོ་གཞིའི་འགན་འཁྲི་དངོས་འབེབས་བཟང་པོ་བྱས་ཏེ། ཁོངས་གཏོགས་ས་གནས་ཀྱི་དོ་དམ་ནུས་པ་ཇེ་ཆེར་གཏོང་དགོས་པ་དང་། ཏན་ཏིག་སྒོས་དག་ཐེར་བཅོས་སྒྱུར་ལ་སྐུལ་འདེད་གཏོང་དགོས། འབྲེལ་ཡོད་ལས་ཁུངས་ཀྱིས་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པ་དང་། རིགས་བགར་མཛུབ་སྟོན་ལ་ཤུགས་བསྣན་ནས། གནད་དོན་ཐག་གཅོད་པར་རོགས་རམ་བྱེད་དགོས། མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་གཅིག་གྱུར་སྒོས་འཆར་འགོད་དང་མཐུན་སྦྱོར་བྱེད་པ་དང་། རྒྱུན་མཐུད་སྒོས་སྐོར་ཁག་འགན་ལེན་ལས་འགན་ཐད་ནས་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས། བྱ་བའི་གོ་རིམ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་བྱ་བའི་བྱེད་ཐབས་ཇེ་དྲག་ཏུ་གཏོང་དགོས་ལ། བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། དག་ཐེར་བཅོས་སྒྱུར་བྱས་པ་མི་བཟང་བའི་ས་ཁུལ་དང་ལས་ཁུངས་ལ་སྐྱོན་བརྗོད་བྱེད་པ་དང་། མི་བདེན་བདེན་བཟོ་དང་ཁྲིམས་འགལ་ལུགས་འགལ་ལ་རྩད་གཅོད་ནན་མོ་བྱེད་དགོས་ཟེར།

                                                                                                བཀྲ་ཤིས་འབུམ་གྱིས་བསྒྱུར།