ཞི་ཅིན་ཕིང་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
2021.11.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 322


ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། 


ཟླ་བཅུ་གཅིག་པའི་ཚེས་བཅུ་དགུ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། ཚད་གཞི་མཐོ་ཞིང་རྒྱུན་མཐུད་དང་དམངས་ཚིས་ལ་ཕན་པ་དམིགས་འབེན་དུ་བཟུང་སྟེ་མཉམ་འབྲེལ་མཉམ་མཐུད་མཉམ་ལས་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། རྒྱལ་སྤྱིའི་མཉམ་ལས་ཀྱི་བར་སྟོང་གསར་པ་རྒྱ་བསྐྱེད་ཅིང་ཉེན་ཁའི་འགོག་སྡོམ་དྲ་རྒྱ་ཇེ་བརྟན་དུ་གཏོང་བ་དང་། ཧུར་ཐག་སྒོས་སྔར་ལས་མཐོ་བའི་མཉམ་ལས་ཆུ་ཚད་དང་སྔར་ལས་མཐོ་བའི་ཤུགས་འདོན་ཕན་འབྲས། སྔར་ལས་མཐོ་བའི་འདོན་སྤྲོད་སྤུས་ཚད། སྔར་ལས་མཐོ་བའི་འཕེལ་རྒྱས་མཉེན་ཆ་བཅས་མངོན་འགྱུར་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ནས་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་གཏོང་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བ་སྐུལ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཧན་ཀྲིན་གྱིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་མཛད།

བཞུགས་མོལ་ཚོགས་འདུའི་སྟེང་། རྒྱལ་ཁབ་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥིན་དང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི། ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཆོན་གོ། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཀྲིན་ལུན། ཀྲུང་གོ་མཚོ་ཐོག་སྐྱེལ་འདྲེན་སྡེ་ཚོགས་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ཝན་མེན། ཀྲིན་ཐེ་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟིའི་ཏུང་ཧྲི་ཀྲང་ནན་ཚུན་ཧོས། ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་བརྗེ་རེས་ལྟེ་གནས་ཀྱི་སྤྱིའི་འདུ་འགོད་པ་ཁྲིན་ཝུན་ལིན་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད་དེ། དོན་དངོས་དང་སྦྲེལ་ནས་གནས་ཚུལ་མཚམས་སྦྱོར་བྱས་པ་དང་བསམ་འཆར་དང་གྲོས་གཞི་བཏོན།

ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ཉན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ལོ་བརྒྱད་ཀྱི་རིང་ལ། ཏང་ཀྲུང་དབྱང་གི་ཡང་དག་པའི་མགོ་ཁྲིད་འོག ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་བྱས་པ་དང་། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རྨང་གཞིའི་སྒྲིག་ཆས་ཀྱི་སྲ་བའི་འབྲེལ་མཐུད་ཁ་ཕྱོགས་སུ་བཟུང་བ་དང་། སྒྲིག་སྲོལ་ཚད་ལྡན་གྱི་མཉེན་པའི་འབྲེལ་མཐུད་འདེགས་ཤུགས་གཙོ་བོ་བྱས་ལ། མཉམ་སྐྲུན་ཁྲོད་ཞུགས་པའི་རྒྱལ་ཁབ་ཀྱི་མི་དམངས་ཀྱི་བསམ་པའི་སྦྲེལ་མཐུད་རྨང་གཞི་གཙོ་བོར་བྱས་པར་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བཟང་པོ་བླངས་ཡོད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་པ་བརྒྱུད། རྒྱལ་ནང་གི་ཁུལ་ཁོངས་སོ་སོའི་སྒོ་འབྱེད་ཆུ་ཚད་མཐོར་འདེགས་སུ་བཏང་བ་དང་། ཕྱི་ཕྱོགས་སྒོ་འབྱེད་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་ཅིང་ལམ་ལུགས་རང་བཞིན་གྱི་སྒོ་འབྱེད་ལ་སྐུལ་འདེད་བཏང་བ་དང་། ཁྱབ་རྒྱ་ཆེ་བའི་གྲོགས་པོ་ཇེ་མང་དུ་བཏང་བར་མ་ཟད། མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་དང་མཉམ་སྐྲུན་ཁྲོད་ཞུགས་པའི་རྒྱལ་ཁབ་ཀྱི་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མདུན་དུ་ལྷགས་པའི་གནས་བབ་གསར་པར་ངོས་འཛིན་གསལ་བོ་བྱེད་དགོས། ཁྱོན་ཡོངས་ལ་བལྟས་ན། ཞི་བདེ་དང་འཕེལ་རྒྱས་ཞེས་པའི་དུས་རབས་ཀྱི་བརྗོད་དོན་འགྱུར་མེད་ལ། དཔལ་འབྱོར་འཛམ་གླིང་ཅན་གྱི་ཁ་ཕྱོགས་གཙོ་བོ་འགྱུར་མེད་པ་དང་། རྒྱལ་སྤྱིའི་ཆགས་སྟངས་འཕེལ་རྒྱས་འཐབ་ཇུས་ཀྱི་གནས་བབ་དེ་ང་ཚོར་ཕན་ཞིང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་དེ་སྔར་བཞིན་གོ་སྐབས་གལ་ཆེན་དང་འཕྲད་ཡོད། དེ་དང་མཉམ་དུ་འཛམ་གླིང་ཡོངས་སུ་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་། སྐོར་ཐེངས་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་སྒྱུར་བཅོས་ཀྱི་འགྲན་རྩོད་ཆེན་པོ་དེ་སྔར་བྱུང་མ་མྱོང་ལ། ནམ་ཟླའི་འགྱུར་ལྡོག་དང་རིམས་ནད་འགོག་སྡོམ་སོགས་འཛམ་གླིང་རང་བཞིན་གྱི་གནད་དོན་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་ཐད་བཟོས་པའི་ཤུགས་རྐྱེན་སྔར་བྱུང་མ་མྱོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་རྒྱལ་སྤྱིའི་ཁོར་ཡུག་ཉིན་རེར་རྙོག་འཛིང་དུ་འགྱུར་བཞིན་ཡོད། ང་ཚོས་འཐབ་ཇུས་གཏན་ཤུགས་སྲུང་འཛིན་བྱས་ཏེ། འཐབ་ཇུས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱི་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། མཉམ་ལས་དང་འཐབ་རྩོད་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། གསོག་ཚད་དང་འཕར་ཚད་ལ་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། སྤྱི་ཡོངས་དང་གནད་སར་གཅིག་གྱུར་གྱིས་འཆར་འགོད་བྱེད་པར་མ་ཟད། ཧུར་ཐག་སྒོས་འགྲན་རྩོད་ལ་ཁ་གཏད་འཇལ་ཞིང་ཕན་གཉེར་གནོད་གཡོལ་བྱེད་པ་དང་། སྤོབས་པ་ཆེན་པོས་མདུན་དུ་སྐྱོད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ཀྱི་གཞི་རྩ་སྲ་བརྟན་དུ་གཏོང་དགོས། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། སྲིད་ཇུས་འབྲེལ་འདྲིས་ཀྱི་སྣེ་ཁྲིད་དང་སྐུལ་སྒྱུར་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། མཉམ་ལས་འབྲེལ་མཐུད་ཀྱི་རྐྱེན་སྲོལ་སྔར་ལས་མང་པོ་འཛུགས་པར་འཚོལ་ཞིབ་བྱེད་པ་དང་། ཆབ་སྲིད་ཐུན་མོང་གི་ལྟ་ཚུལ་དེ་བྱེ་བྲག་འགུལ་སྐྱོད་དུ་སྒྱུར་བ་དང་འདུ་ཤེས་ཁས་ལེན་དེ་དངོས་གཉེར་གྲུབ་འབྲས་སུ་སྒྱུར་བར་སྐུལ་འདེད་གཏོང་དགོས། མཉམ་འབྲེལ་མཉམ་མཐུད་གཏིང་ཟབ་ཏུ་སྤེལ་ཏེ། སྐམ་ས་དང་མཚོ་ཐོག མཁའ་དབྱིངས། དྲ་རྒྱ་བཅས་ཕྱོགས་བཞི་གཞི་གཅིག་གི་མཉམ་འབྲེལ་མཉམ་མཐུད་ཀྱི་རྣམ་པ་འཐུས་ཚང་དུ་གཏོང་བ་དང་། སྲོལ་རྒྱུན་རྨང་གཞིའི་སྒྲིག་ཆས་ལས་གཞིའི་མཉམ་ལས་རྒྱ་བསྐྱེད་ཅིང་། རྣམ་པ་གསར་པའི་རྨང་གཞིའི་སྒྲིག་ཆས་ལས་གཞིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། སྒྲིག་སྲོལ་ཚད་ལྡན་སོགས་མཉེན་པའི་འབྲེལ་མཐུད་ཀྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། སའི་གོ་ལའི་མཉམ་འབྲེལ་མཉམ་མཐུད་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་དགོས། ཉོ་ཚོང་ཤར་སྐྱོད་གཏིང་ཟབ་ཏུ་སྤེལ་ཏེ། མཐའ་འཁོར་རྒྱལ་ཁབ་བར་གྱི་ཉོ་ཚོང་གཞི་ཁྱོན་རྒྱ་བསྐྱེད་པ་དང་། སྤུས་ལེགས་ཚོང་རྫས་སྔར་ལས་མང་པོ་ནང་འདྲེན་བྱེད་པར་སྐུལ་མ་གཏོང་བ། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོར་འདེགས་སུ་བཏང་ནས། ཉོ་ཚོང་དོ་མཉམ་གྱི་མཉམ་རྒྱལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་གསུམ་དང་ཡང་ན་ཕྱོགས་མང་པོའི་ཚོང་རའི་མཉམ་ལས་མུ་མཐུད་དུ་རྒྱ་བསྐྱེད་ནས། རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། མ་དངུལ་མཉམ་བསྲེས་གཏིང་ཟབ་ཏུ་སྤེལ་ཏེ། ཕྱོགས་མང་པོའི་གསར་སྤེལ་སྒྲིག་གཞི་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དངུལ་རྩའི་སྒྲིག་གཞི་དེའི་ཁྲོད་དུ་ཞུགས་པའི་འགུག་ཤུགས་ཇེ་ཆེར་བཏང་ནས། སྣ་མང་ཅན་གྱི་དངུལ་གཏོང་མཉམ་བསྲེས་མ་ལག་འཐུས་ཚང་དུ་གཏོང་དགོས། མི་གཞུང་བརྗེ་རེས་ཇེ་མང་དུ་བཏང་ནས། སྣ་མང་ནུས་ལྡན་གྱི་མི་གཞུང་བརྗེ་རེས་ཀྱི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས།

ཞིན་ཅིན་ཕིང་གིས་བསྟན་དོན། བརྟན་བརླིང་སྒོས་མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་རྒྱ་བསྐྱེད་དགོས། བརྟན་བརླིང་དང་འོས་འཚམ་སྒོས་བདེ་ཐང་དང་ལྗང་མདོག གྲངས་འཛིན། གསར་སྐྲུན་སོགས་ཀྱི་ཁྱབ་ཁོངས་གསར་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས།  མཉམ་ལས་ཀྱི་འཕར་ས་གསར་པ་གསོ་སྐྱོང་བྱེད་དགོས། རིམས་འགོག་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་བསྣན་ནས་མུ་མཐུད་དུ་རྒྱལ་ཁབ་མཉམ་སྐྲུན་ཐད་ལ་ནུས་ཤུགས་དང་རོགས་རམ་འདོན་སྤྲོད་བྱེད་དགོས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་ཁུངས་ལྗང་མདོག་དང་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ཏེ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་ཆ་འཕྲིན་མཉམ་སྤྱོད་དང་ནུས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་དང་ནམ་ཟླའི་བཅོས་སྐྱོང་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། གྲངས་འཛིན་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་དར་གོས་ཚོང་ལམ་གྱི་གློག་ཚོང་འཕེལ་རྒྱས་སུ་བཏང་ནས། གྲངས་འཛིན་མཉམ་ལས་ཀྱི་ཆགས་སྟངས་གསར་སྐྲུན་བྱེད་དགོས། ཚན་རྩལ་གསར་སྐྲུན་གྱི་འགུལ་སྐྱོད་འཆར་འགོད་ལག་བསྟར་བཟང་པོ་བྱས་ཏེ། ཤེས་བྱའི་ཐོན་དབང་སྲུང་སྐྱོབ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་པ་དང་། སྒོ་འབྱེད་དང་འདྲ་མཉམ། དྲང་གཞག མཐོང་ཆུང་མི་བྱེད་པའི་ཚན་རྩལ་འཕེལ་རྒྱས་ཁོར་ཡུག་གསར་སྐྲུན་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པར་ཞབས་འདེགས་བཟང་པོ་ཞུ་དགོས། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་དང་བསམ་གཞིགས་བཏང་སྟེ། ཤུགས་འདོན་ས་གསར་པ་གཅིག་སྡུད་བྱེད་པ་དང་། ཟུང་འབྲེལ་བྱེད་ས་གསར་པ་གསར་བཟོ་བྱེད་དགོས། སོ་སོར་ཁྱད་ཆོས་ལྡན་ཞིང་ཕན་ཚུན་ལ་ཁ་གསབ་བྱེད་པ་དང་། ཤར་སྐྱོད་བདེ་འཇགས་ཡིན་པའི་སྐམ་སའི་བགྲོད་ལམ་མྱུར་དུ་འཐུས་ཚང་དུ་གཏོང་བ་དང་། མཚོ་ཐོག་གི་རྣམ་པ་ལེགས་སྒྱུར་བྱས་ནས། རྒྱལ་ནང་དང་རྒྱལ་སྤྱིའི་ཕྱོགས་གཉིས་ཀར་ཤར་སྐྱོད་བྱེད་པའི་ནུས་ལྡན་འདེགས་ཤུགས་འདོན་སྤྲོད་བྱེད་དགོས། ཐོན་ལས་ཕྲེང་འབྲེལ་དང་འདོན་སྤྲོད་ཕྲེང་འབྲེལ་ཤར་སྐྱོད་འབྲེལ་མཐུད་ལ་ཤུགས་བསྣན་ནས། ཐོན་ཁུངས་སྣ་མང་ཅན་ལ་སྐུལ་འདེད་གཏོང་དགོས། མཚོན་བྱེད་རང་བཞིན་གྱི་སྤུས་ལེགས་བཟོ་སྐྲུན་གསར་སྐྲུན་བྱེད་དགོས། དམངས་ཚིས་བཟོ་སྐྲུན་ནི་མཉམ་སྐྲུན་ཁྲོད་ཞུགས་པའི་རྒྱལ་ཁབ་ཀྱི་མང་ཚོགས་ཀྱི་ཐོབ་ཚོར་ཇེ་དྲག་ཏུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། གཅིག་གྱུར་འཆར་འགོད་ལ་ཤུགས་བསྣན་ནས་ཀུན་ལ་ཕན་པའི་མཉམ་ལས་གྲུབ་འབྲས་ཆགས་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཉེན་ཁ་འགོག་སྡོམ་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དགོས། ཉེན་ཁ་འགོག་སྡོམ་ལམ་ལུགས་དངོས་འབེབས་བཟང་པོ་བྱས་ཏེ། ཁེ་ལས་ཀྱི་གཙོ་གཞིའི་འགན་འཁྲི་དང་གཙོ་འགན་འཁུར་བའི་ལས་ཁུངས་ཀྱི་དོ་དམ་འགན་འཁྲི་ཁུར་ལེན་བཟང་པོ་བྱེད་དགོས། ཕྱི་རོལ་གྱི་ལས་གཞིའི་ཉེན་ཁར་ཕྱོགས་ཡོངས་ནས་དཔྱད་འཇོག་བྱེད་པའི་ཕྱོགས་བསྡུས་ཞབས་ཞུའི་སྟེགས་བུ་འཛུགས་པར་འཚོལ་ཞིབ་བྱས་ཏེ། དུས་ཐོག་ཏུ་ཉེན་བརྡ་གཏོང་བ་དང་དུས་བཅད་ལྟར་དཔྱད་འཇོག་བྱེད་དགོས། ཕྱི་རྒྱལ་གྱི་ཁེ་ཕན་སྲུང་སྐྱོབ་དང་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ། བདེ་འཇགས་འགན་སྲུང་སོགས་རྐྱེན་སྲོལ་བར་གྱི་རོགས་ལས་ལ་ཤུགས་སྣོན་དགོས། རིམས་ནད་འགོག་སྡོམ་དང་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ། སྟོབས་ཤུགས་ཡོད་རྒུས་ཕྱི་རྒྱལ་གྱི་མི་སྣའི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་འགན་སྲུང་བྱེད་པ་དང་། འགོག་སྡོམ་བྱེད་ཐབས་ཀྱི་གནད་ཁེལ་རང་བཞིན་འབུར་དུ་ཐོན་པར་བྱེད་པ། ལས་བཟོ་བའི་དགོས་མཁོ་དང་དངོས་རྫས་འདོན་སྤྲོད། མ་དངུལ་གྱི་རྒྱབ་སྐྱོར་སོགས་གཙོར་བཟུང་ནས་འགན་སྲུང་བྱེད་དགོས། རང་རྒྱལ་གྱི་ཕྱི་རྒྱལ་དུ་ཡོད་པའི་ཁེ་ལས་དང་སྤྱི་དམངས་ཀྱིས་རང་རྟོགས་སྒོས་ས་གནས་ཀྱི་བཅའ་ཁྲིམས་བརྩི་སྲུང་བྱེད་པར་སློབ་གསོ་གཏོང་བ་དང་སྣེ་ཁྲིད་བྱེད་དགོས་པ་དང་། ས་གནས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་དགོས། ཁོངས་གཏོགས་ཆ་ཚང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཕྱི་འབྲེལ་བཅའ་ཁྲིམས་དང་སྒྲིག་སྲོལ་མ་ལག་མྱུར་དུ་ཆགས་པར་བྱས་ནས། རྒྱལ་ཁོངས་བརྒལ་བའི་རུལ་སུངས་བཅོས་སྐྱོང་ཤུགས་ཚད་ཇེ་ཆེར་གཏོང་དགོས། རིགས་སོ་སོའི་ཁེ་ལས་ཀྱིས་བདག་གཉེར་བྱ་སྤྱོད་ཚད་ལྡན་དུ་བཏང་ནས། རྒྱལ་ཁབ་ཀྱི་སྙན་གྲགས་ལ་གནོད་པ་གཏན་ནས་སྐྱེལ་མི་རུང་། ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་རྩད་ཆོད་རྗེས་ཐག་གཅོད་ནན་མོ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། གཅིག་གྱུར་གྱི་འཆར་འགོད་དང་མཐུན་སྦྱོར་ལ་ཤུགས་སྣོན་དགོས། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། མགོ་ཁྲིད་ཚན་ཆུང་གིས་འཆར་འགོད་གལ་ཆེན་དང་སྲིད་ཇུས་གལ་ཆེན། ལས་གཞི་གལ་ཆེན། གནད་དོན་གལ་ཆེན། ལོ་ཧྲིལ་བོའི་བྱ་བ་གཙོ་བོ་སོགས་མཐུན་སྦྱོར་སྒོས་དམ་འཛིན་བྱེད་དགོས། འབྲེལ་ཡོད་ལས་ཁུངས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་བྱ་བ་དེ་ཉིན་རེའི་གྲོས་རིམ་དུ་འཇོག་པ་དང་། ཕྱི་རྒྱལ་གྱི་ལས་གཞིའི་འཛུགས་སྐྲུན་དང་ཉེན་ཁའི་འགོག་སྡོམ་འགན་འཁྲི་དངོས་འབེབས་བཟང་པོ་བྱེད་པར་གཅིག་གྱུར་འཆར་འགོད་བྱེད་དགོས། ས་གནས་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཁྲོད་ཞུགས་པའི་གཏན་གནས་འཚོལ་དགོས། གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་པོ་གསར་སྐྲུན་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་འདུ་ཤེས་དང་རྩ་དོན། རྣམ་པ་སོགས་རྒྱས་བཤད་བྱེད་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གཏམ་རྒྱུད་ལེགས་པོ་མཉམ་དུ་བརྗོད་དགོས།

ཧན་ཀྲིན་གྱིས་ཚོགས་འདུར་མགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པར་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་བྱ་བར་སྐུལ་འདེད་བྱེད་པའི་ཐད་རྩ་བའི་བསྲུང་བྱ་མཁོ་འདོན་བྱས་ཡོད་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱེད་དགོས། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བ་སྐུལ་སྤེལ་མགོ་ཁྲིད་ཚན་ཆུང་གིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག  སྤྱིའི་སྣེ་ཁྲིད་དང་ཕྱོགས་ཡོངས་དམ་འཛིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར། དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ལག་བསྟར་བྱས་ཏེ། དོན་དག་གལ་ཆེན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། ཉེན་ཁ་སྔོན་འགོག་ཏན་ཏིག་བྱེད་པ། གཙོ་གནད་ལས་འགན་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་ཡག་པོ་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་གནས་ཐིག་གཏན་འཁེལ་གསལ་བོ་བྱེད་པ་དང་། ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་གང་ལེགས་བྱེད་པ། ཕན་ཚུན་མཉམ་ལས་དང་གོང་འོག་མཉམ་འགུལ། བྱེད་ཐབས་སོ་སོ་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་ལས་འགན་ཁག་སོ་སོ་ཆད་ལུས་མེད་པར་ལེགས་འགྲུབ་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ཀྱིས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་རྒྱལ་སྲིད་ཨུ་ཡོན་ཁ་ཤས་བཞུགས་མོལ་ཚོགས་འདུར་ཞུགས།

རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱ་བ་སྐུལ་སྤེལ་མགོ་ཁྲིད་ཚན་ཆུང་གི་ཁོངས་གཏོགས་ལས་ཁུངས་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག  ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། འབྲེལ་ཡོད་ཁེ་ལས་ཀྱི་འགན་ཁུར་བ་དང་ལས་རིགས་ཚོང་ཚོགས། ཆེད་མཁས་པའི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས། ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པས་བསྡུས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད།

བཀྲ་ཤིས་འབུམ་དང་ཤ་བོ་གསེར་མཚོས་བསྒྱུར།