ཞི་ཅིན་ཕིང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བར་དྲན་གསོ་ཞུ་བའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་མགོ་འཛིན་མཛད།
2021.11.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 146

ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ནས་བརྙན་རིས་ཀྱི་ལམ་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བར་དྲན་གསོ་ཞུ་བའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ནས་བརྙན་རིས་ཀྱི་ལམ་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བར་དྲན་གསོ་ཞུ་བའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པེ་ཅིང་ནས་བརྙན་རིས་ཀྱི་ལམ་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བར་དྲན་གསོ་ཞུ་བའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་མ་ཟད་མགོ་འཛིན་མཛད།

ཞི་ཅིན་ཕིང་གིས་ཁ་ཡིག་ལ་ལས་དབང་གཅིག་སྦྲེལ་བྱས་ཏེ་ཁྱིམ་གཞི་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འགོར་བའི་རིང་ལ། སྤྱིར་བཏང་མ་ཡིན་པའི་ལོ་རྒྱུས་བརྒྱུད་རིམ་བརྒྱུད་མྱོང་། ལོ་སུམ་ཅུའི་རིང་ནི་དཔལ་འབྱོར་འཛམ་གླིང་ཅན་འཕེལ་རྒྱས་སུ་བཏང་བ་དང་རྒྱལ་སྤྱིའི་ཆགས་སྟངས་ལ་སྒྱུར་བཅོས་ཆེན་པོ་བྱུང་བའི་ལོ་སུམ་ཅུ་ཡིན་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་མནའ་འབྲེལ་གྱིས་དུས་རབས་ཀྱི་གོ་སྐབས་གསལ་པོར་ཤེས་པར་བྱས་པ་དང་ཕྱོགས་གཉིས་ཀྱི་འབྲེལ་བ་ཚད་བརྒལ་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་འགྲོ་བ་མངོན་འགྱུར་བྱས་པའི་ལོ་སུམ་ཅུ་ཡིན། ང་ཚོ་འཇམ་འཐབ་ཀྱི་སྨུག་སྤྲིན་འཐིབ་པ་ལས་ཐར་བར་བྱས་ནས་ས་ཁུལ་གྱི་བརྟན་འཇགས་མཉམ་དུ་སྲུང་སྐྱོབ་བྱས། ང་ཚོས་ཨེ་ཤ་ཡ་ཤར་ལྷོའི་དཔལ་འབྱོར་གཞི་གཅིག་ཅན་ལ་སྣེ་ཁྲིད་བྱས་པ་དང་། མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་སྤེལ་བཏང་ནས། མང་ཚོགས་ཐེར་འབུམ་གཉིས་ལྷག་ལ་འཚོ་བ་སྐྱིད་པོ་རོལ་དུ་བཅུག ང་ཚོ་ཁྱིམ་མཚེས་མཛའ་མཐུན་དང་མཉམ་ལས་མཉམ་རྒྱལ་གྱི་འོད་སྟོང་འབར་བའི་བགྲོད་ལམ་ཞིག་ཏུ་བསྐྱོད་པ་དང་། ཉིན་རེར་འབྲེལ་བ་ཇེ་དམ་དུ་འགྲོ་བའི་ལས་དབང་གཅིག་མཐུན་ཚོགས་པའི་ཕྱོགས་སུ་བསྐྱོད་དེ། མིའི་རིགས་ཀྱི་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བར་བྱས་རྗེས་ཆེན་པོ་བཞག

ཞི་ཅིན་ཕིང་གིས་བསྟན་དོན། དེ་རིང་ང་ཚོས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དངོས་སུ་ཁྱབ་སྒྲོག་བྱས་པ་ཡིན། དེ་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་སྟེང་གི་ལམ་ཚད་རྡོ་རིང་ལྟ་བུ་ཡིན་པ་དང་། དེས་ས་གནས་དང་འཛམ་གླིང་གི་ཞི་བདེ་བརྟན་འཇགས་དང་། དར་རྒྱས་གོང་འཕེལ་ཐད་ལ་སྒུལ་ཤུགས་གསར་བ་སྣོན་ངེས།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་སུམ་ཅུའི་རིང་ལ་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་མཉམ་ལས་ཐད་ནས་གྲུབ་འབྲས་བཟང་པོ་ཐོབ་པ་དེ་ནི་ཕྱོགས་གཉིས་ཀྱི་ས་ཆུ་གཅིག་ཏུ་སྦྲེལ་ཞིང་མི་གཞུང་གཅིག་མཐུན་ཡིན་པའི་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ལས་བྱུང་བ་དང་། ང་ཚོས་ཧུར་ཐག་སྒོས་དུས་རབས་ཀྱི་འཕེལ་རྒྱས་རླབས་རྒྱུན་དང་བསྟུན་ནས་ཡང་དག་པའི་ལོ་རྒྱུས་གདམ་གསེས་གཏན་འཁེལ་བྱས་པ་དང་དེ་བས་ཀྱང་འབྲལ་ཐབས་མེད།

གཅིག ཕན་ཚུན་ལ་བརྩི་འཇོག་བྱས་ཏེ། རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་བརྟན་སྲུང་བྱས། འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང་འཆམ་མཐུན་མཉམ་གནས་བྱེད་པ་ནི་ང་ཚོའི་ཐུན་མོང་གི་རེ་བ་ཡིན། ང་ཚོས་ཐོག་མར་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དང་ཝན་ལུང་སྙིང་སྟོབས་ཀྱི་གྲོས་མགོ་བཏོན་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་གྲོས་མོལ་གྲོགས་པོའི་ཁྲོད་དུ་ཀྲུང་གོ་ཆེས་སྔ་མོར་ཨེ་ཤ་ཡ་ཤར་ལྷོའི་མཛའ་མཐུན་མཉམ་ལས་ཆིངས་ཡིག་ཏུ་ཞུགས། ང་ཚོས་ཕན་ཚུན་གྱིས་ཡིད་འཇོག་བྱེད་པའི་བྱ་བར་རྒྱབ་སྐྱོར་བྱེད་པ་དང་རྒྱལ་ཁབ་རང་རང་གི་འཕེལ་རྒྱས་ཐབས་ལམ་ལ་བརྩི་འཇོག་བྱས་ཏེ། འབྲེལ་འདྲིས་ཟབ་མོ་བྱས་ནས་ཕན་ཚུན་བར་གྱི་རྒྱུས་ལོན་ཇེ་ཟབ་དང་ཡིད་ཆེ་ཇེ་བརྟན་དུ་བཏང་བ་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་བྱས་ནས་ཕྱོགས་གཉིས་ཀྱི་འགལ་བ་དང་གནད་དོན་འོས་འཚམ་སྒོས་ཐག་བཅད་པ་དང་། ཨེ་ཤ་ཡའི་རིན་ཐང་ལྟ་བ་མཉམ་དུ་སྲུང་སྐྱོབ་དང་དར་སྤེལ་བྱས།

གཉིས། མཉམ་ལས་མཉམ་རྒྱལ་བྱས་ཏེ་ཞི་བདེ་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད། རྒྱལ་ཁབ་བདེ་འཇགས་དང་མི་དམངས་བདེ་སྐྱིད་ཡོང་བ་མངོན་འགྱུར་བྱེད་པ་ནི་ང་ཚོའི་ཐུན་མོང་གི་དམིགས་འབེན་ཡིན། ང་ཚོས་བློ་ཐག་རྦད་ཆོད་སྒོས་ས་གནས་ཀྱི་ཞི་བདེ་དང་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོ་གཅིག་སྡུད་བྱས་ལ། རང་མོས་ཉོ་ཚོང་ས་ཁུལ་ཐོག་མར་བཙུགས་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱས་པར་མ་ཟད། ཁུལ་ཁོངས་ཀྱི་ཁྱོན་ཡོངས་ཀྱི་དཔལ་འབྱོར་གྲོགས་པོའི་འབྲེལ་བའི་གྲོས་མཐུན་འགོད་པར་མཉམ་དུ་སྐུལ་འདེད་བཏང་ནས། ས་གནས་མཉམ་བསྲེས་འཕེལ་རྒྱས་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པར་སྐུལ་འདེད་བཏང་།

གསུམ། སོ་སྲུང་རོགས་རེས་བྱས་ནས་བརྩེ་བའི་དཀྱེལ་ཡངས་ཕན་འདོགས་འདུ་ཤེས་ལག་ལེན་བྱས། ཕན་ཚུན་ལ་རོགས་སྐྱོར་བྱེད་པ་ནི་ང་ཚོའི་ཐུན་མོང་གི་སྲོལ་རྒྱུན་ཡིན། ང་ཚོས་གཉེན་ཉེ་དང་འདྲ་བར་ཕན་ཚུན་བར་འགྲོ་འོང་བྱས་ཤིང་བརྩེ་སེམས་གཙོར་འཛིན་པ་དང་ཡིད་ཆེས་སྲུང་ལ། དོན་བཟང་དང་འཕྲད་ན་མཉམ་དུ་རྟེན་འབྲེལ་ཞུ་བ་དང་དཀའ་ཁག་དང་འཕྲད་ན་ཕན་ཚུན་ལ་རོགས་རམ་བྱས། ལག་རྡང་སྦྲེལ་ཏེ་ཨེ་ཤ་ཡའི་དངུལ་རྩའི་ཉམས་ཉེན་དང་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན། པྲོག་གསར་གློ་ཚད་རིམས་ནད་སོགས་འགྲན་རྩོད་ལ་ཁ་གཏད་འཇལ་བ་བརྒྱུད་ནས། ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་བཏང་།

བཞི། བཟོད་སྒོམ་དང་ཕན་ཚུན་དཔྱད་གཞིར་བཟུང་ནས་སྒོ་འབྱེད་ཀྱི་ཁུལ་ཁོངས་རིང་ལུགས་མཉམ་སྐྲུན་བྱས། སྣ་མང་བཟོད་སྒོམ་ནི་ང་ཚོའི་ཐུན་མོང་གི་རྒྱུད་རྒྱུ་ཡིན། ང་ཚོས་ཨེ་ཤ་ཡ་ཤར་ལྷོའི་དཔལ་ཡོན་ཁྲོད་དུ་རིག་སྟོབས་དང་ལེན་བྱས་ཏེ། སྒོ་འབྱེད་འདུ་ཤེས་ཀྱིས་ས་ཁུལ་དཔལ་འབྱོར་གཞི་གཅིག་ཅན་ལ་སྣེ་ཁྲིད་བྱས་པ་དང་། འདྲ་མཉམ་གྲོས་མོལ་གྱིས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་གཙོ་ཁྲིད་བྱེད་པའི་ས་ཁུལ་མཉམ་ལས་ལ་སྐུལ་སྤེལ་བཏང་བ། བཟོད་སྒོམ་དང་རྣམ་འགྱུར་དྲང་པོས་སྒོ་འབྱེད་བྱེད་པ་དང་ཕྱི་མི་རིང་ནས་མི་བསྐྱུར་བའི་གྲོགས་ཚོམས་བསྐྲུན་ཏེ། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་རྩ་དོན་དངོས་འབེབས་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་སུམ་ཅུའི་རིང་གི་རིན་ཐང་བྲལ་བའི་ཉམས་མྱོང་ནི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་གི་གཅེས་ནོར་ཡིན་པ་དང་། དེས་ཕྱོགས་གཉིས་་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་གོང་དུ་སྤེལ་བར་རྨང་གཞི་བརྟན་པོ་བཏིངས་པ་དང་། བསྲུང་བྱ་འདོན་སྤྲོད་བྱས། ང་ཚོས་དེར་ལྡབ་འགྱུར་སྒོས་གཅེས་སྤྲས་བྱེད་པ་དང་དེ་ཡུན་རིང་ལ་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ལག་ལེན་གསར་བའི་ཁྲོད་དུ་མུ་མཐུད་ནས་དེ་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རྟ་ཡི་བཟང་ངན་རྒྱུག་ན་ཤེས་པ་དང་མི་ཡི་བཟང་ངན་འགྲོག་ན་ཤེས། ཀྲུང་གོ་ནི་འདས་མ་ད་གསུམ་གང་ཡིན་རུང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཁྱིམ་མཚེས་བཟང་པོ་དང་གྲོགས་པོ་བཟང་པོ་ཡིན། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་སྒོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ནི་མཐའ་འཁོར་གྱི་ཕྱི་འབྲེལ་གྱི་ཐོག་མའི་ཁ་ཕྱོགས་སུ་འཛིན་པ་དང་། བློ་བརྟན་འགྱུར་མེད་སྒོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཐུན་སྒྲིལ་བྱེད་པ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་པ། བློ་བརྟན་འགྱུར་མེད་སྒོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཁུལ་ཁོངས་སྤྱིའི་ཁྲོད་དུ་གོ་གནས་གལ་ཆེན་ཟིན་པར་རྒྱབ་སྐྱོར་བྱེད་པ། བློ་བརྟན་འགྱུར་མེད་སྒོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ས་གནས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་་ནུས་པ་གལ་ཆེན་འདོན་པར་རྒྱབ་སྐྱོར་བྱེད་པ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཅང་མ་འགོར་བའི་སྔོན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་བསྡུས་ཏེ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ལ་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་དང་། ཀྲུང་གོ་མི་དམངས་སྤོབས་པ་ཆེར་སྐྱེད་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་སྐྱོད་བཞིན་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱིས་ས་གནས་དང་འཛམ་གླིང་ལ་སྔར་ལས་མང་པོའི་གོ་སྐབས་འདོན་སྤྲོད་བྱེད་པ་དང་སྒུལ་ཤུགས་ཆེན་པོ་སྣོན་ངེས་ཡིན། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་མཉམ་དུ་གནས་བབ་ཆེན་པོ་ཁོང་དུ་ཆུད་པར་བྱེད་པ་དང་འགལ་རྐྱེན་སྣ་ཚོགས་ཡོངས་སུ་སེལ་ཞིང་གོ་སྐབས་བཟང་པོ་མཉམ་སྤྱོད་བྱེད་པ་དང་། དར་རྒྱས་མཉམ་སྐྲུན་བྱེད་པར་མ་ཟད། ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་དང་། སྔར་ལས་དམ་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་གསར་སྐྲུན་བྱེད་པའི་ཕྱོགས་སུ་གོམ་པ་གསར་པ་སྤོ་འདོད་ཡོད།

ཞི་ཅིན་ཕིང་གིས་མ་འོངས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བའི་ཐད་ནས་གྲོས་གཞི་ལྔ་བཏོན་པ་སྟེ།

གཅིག ཞི་བདེའི་ཁྱིམ་གཞི་མཉམ་འཛུགས་བྱེད་དགོས། ཞི་བདེ་ནི་ང་ཚོའི་ཆེས་ཆེ་བའི་ཐུན་མོང་གོ་ཁེ་ཕན་ཡིན་ལ། རྒྱལ་ཁབ་སོ་སོའི་མི་དམངས་ཀྱི་ཆེས་ཆེ་བའི་ཐུན་མོང་གི་རེ་སྒུག་ཀྱང་ཡིན་པས། ང་ཚོ་ས་ཁུལ་ཞི་བདེའི་འཛུགས་སྐྲུན་མཁན་དང་སྲུང་སྐྱོབ་པ་བྱེད་དགོས་པ་དང་། གྲོས་མོལ་བྱེད་པ་ལས་རྒོལ་རེས་མི་བྱེད་པ་དང་གྲོགས་པོའི་འབྲེལ་བ་འཛུགས་པ་ལས་མནའ་མཐུན་འབྲེལ་བ་མི་འཛུགས་པ་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་ཞི་བདེ་ལ་འཇིགས་སྐུལ་དང་གཏོར་བརླག་བྱེད་པའི་རྐྱེན་ངན་པར་ཁ་གཏད་འཇལ་དགོས། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་ན། རྒྱལ་སྤྱི་དང་ས་ཁུལ་གྱི་དོན་དག་ཚང་མས་གྲོས་བྱས་ནས་ཐག་གཅོད་པ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་བཙན་དབང་རིང་ལུགས་དང་དབང་དྲག་ཆབ་སྲིད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། མཐའ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་དང་ཡུན་རིང་བོར་འགྲིག་མཐུན་བྱས་ཏེ། མཉམ་དུ་ས་ཁུལ་གྱི་ཡུན་རིང་ཞི་བདེ་ལ་སྲུང་སྐྱོབ་བྱེད་འདོད་ཡོད། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཉིང་རྡུལ་མཚོན་ཆ་མེད་པའི་ས་ཁུལ་འཛུགས་སྐྲུན་ཐད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྔ་མོ་ནས་ཨེ་ཤ་ཡ་ཤར་ལྷོའི་ཉིང་རྡུལ་མཚོན་ཆ་མེད་པའི་ས་ཁུལ་གྱི་སྲོལ་ཡིག་གི་གྲོས་ཆོད་ཡི་གེ་འགོད་འདོད་ཡོད།

གཉིས། ཞི་འཇགས་ཀྱི་ཁྱིམ་གཞི་མཉམ་འཛུགས་བྱེད་དགོས། པྲོག་གསར་གློ་ཚད་རིམས་ནད་ཀྱིས་འཛམ་གླིང་སྟེང་དུས་གཏན་དུ་བདེ་འཇགས་ཡིན་པའི་ཁེར་རྐྱང་གི་ས་ཆ་ཞིག་མེད་པ་དང་། ཡོངས་ཁྱབ་བདེ་འཇགས་ཡིན་ན་ད་གཟོད་བདེ་འཇགས་ཡིན་པ་ར་སྤྲོད་བྱས་ཡོད། ཀྲུང་གོས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་བདེ་འཇགས་མཉམ་ལས་གྲོས་གཞི་ལག་བསྟར་བྱེད་འདོད་ཡོད་ལ། དེའི་ཁྲོད་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ལ་ཡང་བསྐྱར་རིན་མི་ལེན་པར་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དུང་ཕྱུར་གཅིག་དང་བྱེ་བ་ལྔས་རོགས་སྐྱོར་བྱེད་པ་དང་། ཨེ་ཤ་ཡ་ཤར་ལྷོའི་རིམས་འགོག་མ་དངུལ་ལ་མེ་སྒོར་ས་ཡ་ལྔ་ཁ་སྣོན་བྱེད་པ། འགོག་སྨན་མཉམ་འབྲེལ་ཐོན་སྐྱེད་དང་ལག་རྩལ་ཕྱིར་གླ་བྱེད་ཚད་ཇེ་ཆེར་གཏོང་བ། གནད་འགག་སྨན་རྫས་ཀྱི་ཞིབ་འཇུག་གསར་སྤེལ་ཐད་ཀྱི་མཉམ་ལས་སྤེལ་བ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལ་རོགས་བྱས་ནས་གཞི་རིམ་སྤྱི་ཐུན་འཕྲོད་བསྟེན་མ་ལག་འཛུགས་སྐྲུན་དང་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ་བཅས་འདུ། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་། འགོག་སྲུང་དང་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་བྱེད་པ། མཚོ་ཐོག་མཉམ་འབྲེལ་འཚོལ་སྐྱོབ་དང་འཁྲབ་སྦྱོང་། རྒྱལ་ཁོངས་བརྒལ་ནས་ནག་ཉེས་བཟོ་བར་རྡུང་རྡེག་བྱེད་པ། གནོད་འཚེ་དོ་དམ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་དགོས། ལྷོ་ཕྱོགས་རྒྱ་མཚོར་མཉམ་དུ་སྲུང་སྐྱོབ་བྱས་ནས། ལྷོ་ཕྱོགས་རྒྱ་མཚོ་དེ་ཞི་བདེའི་རྒྱ་མཚོ་དང་མཛའ་བརྩེའི་རྒྱ་མཚོ། མཉམ་ལས་ཀྱི་རྒྱ་མཚོ་རུ་འཛུགས་སྐྲུན་བྱེད་དགོས།

གསུམ། དར་རྒྱས་གོང་འཕེལ་གྱི་ཁྱིམ་གཞི་འཛུགས་སྐྲུན་བྱེད་དགོས། ངས་སྔོན་ཏག་ཏག་ལ་བཏོན་པའི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་ཐད་ཀྱི་གྲོས་གཞི་དེ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ཐུན་མོང་ཚོགས་པའི2025ལོའི་ཡུན་རིང་དམིགས་འདུན་དང་མཉམ་དུ་ཕན་འབྲས་ཇེ་མཐོར་བཏང་ཆོག ཀྲུང་གོས་མ་འོངས་པའི་ལོ་གསུམ་ནང་ཡང་བསྐྱར་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལ་མེ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་ལྔ་ཡི་འཕེལ་རྒྱས་རོགས་སྐྱོར་འདོན་སྤྲོད་བྱས་ནས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་རིམས་འགོག་དང་དཔལ་འབྱོར་སླར་གསོ་ཐད་བཀོལ་འདོད་ཡོད། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་རྒྱལ་སྤྱིའི་འཕེལ་རྒྱས་ཀྱི་མཉམ་ལས་སྤེལ་བ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་འཕེལ་རྒྱས་ཀྱི་ཤེས་བྱའི་དྲ་རྒྱ་འཛུགས་པར་རྒྱབ་སྐྱོར་བྱེད་པ། དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བའི་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། དོ་མཉམ་ཁོང་ཡངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད། སྔ་མོ་ནས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་ས་ཁུལ་གྱི་པར་གཞི་གསུམ་ཅན་འཛུགས་སྐྲུན་བྱེད་པ་དང་། ཉོ་ཚོང་དང་དངུལ་གཏོང་རང་དབང་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ། གཞི་གྲངས་དཔལ་འབྱོར་དང་ལྗང་མདོག་དཔལ་འབྱོར་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་རྒྱ་བསྐྱེད་དེ། མཉམ་དུ་དཔལ་འབྱོར་ཉོ་ཚོང་གསར་གཏོད་འཕེལ་རྒྱས་དཔེ་སྟོན་ར་བའི་ཁུལ་འཛུགས་སྐྲུན་བྱེད་དགོས། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་སྤུས་ལེགས་ཐོན་རྫས་སྔར་ལས་མང་པོ་ནང་འདྲེན་བྱེད་འདོད་ཡོད་པ་དང་། དེའི་ནང་མ་འོངས་པའི་ལོ་ལྔའི་ནང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ནས་རིན་གོང་མེ་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་ལྔའི་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་རྒྱུ་ཡིན་པ་དེ་འདུ། སྤུས་ཚད་མཐོ་བའི་སྒོ་ནས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་ན། རྒྱུད་གཅིག་ལམ་གཅིག་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་རྒྱལ་སྤྱིའི་སྐམ་མཚོའི་ཉོ་ཚོང་གི་བགྲོད་ལམ་གསར་པ་མཉམ་འཛུགས་བྱེད་པའི་ཁྲོད་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད། ཀྲུང་གོས་ཚན་རྩལ་གསར་གཏོད་མཐོར་འདེགས་འཆར་གཞི་ལག་བསྟར་བྱས་ནས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་ལ་སྔོན་ཐོན་གོ་ཆོད་ལག་རྩལ་སྣ་སྟོང་གཅིག་འདོན་སྤྲོད་བྱེད་རྒྱུ་ཡིན་པ་དང་། མ་འོངས་པའི་ལོ་ལྔའི་ནང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་ན་གཞོན་ཚན་རིག་པ་སུམ་བརྒྱ་ཀྲུང་གོར་ཡོང་ནས་བརྗེ་རེས་སྤེལ་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། གཞི་གྲངས་བཅོས་སྐྱོང་ཐད་ཀྱི་གྲོས་མོལ་སྤེལ་ནས། གཞི་གྲངས་ལག་རྩལ་གྱི་གསར་གཏོད་བཀོལ་སྤྱོད་གཏིང་ཟབ་ཏུ་གཏོང་རྒྱུའི་གྲོས་འགོ་བཏོན་པ་ཡིན།

བཞི། མཛེས་སྡུག་གི་ཁྱིམ་གཞི་མཉམ་འཛུགས་བྱེད་དགོས། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་གྲོས་མོལ་སྤེལ་ནས། སྲིད་ཇུས་བརྗེ་རེས་དང་ཉམས་མྱོང་མཉམ་སྤྱོད་ལ་ཤུགས་སྣོན་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་འཆར་འགོད་དང་སྦྲེལ་མཐུད་བྱེད་འདོད་ཡོད། ཁུལ་ཁོངས་ཀྱི་ནུས་ཁུངས་ཚུལ་སྒྱུར་བྱེད་པར་མཉམ་དུ་སྐུལ་འདེད་གཏོང་བ་དང་། དག་གཙང་ནུས་ཁུངས་མཉམ་ལས་ལྟེ་གནས་འཛུགས་པར་གྲོས་སྡུར་བྱས་ཏེ། ཡང་བསྐྱར་བཀོལ་སྤྱོད་བྱེད་ཆོག་པའི་ནུས་ཁུངས་ཀྱི་ལག་རྩལ་མཉམ་སྤྱོད་བྱེད་པར་ཤུགས་སྣོན་དགོས། ལྗང་མདོག་དངུལ་རྩ་དང་ལྗང་མདོག་དངུལ་གཏོང་མཉམ་ལས་ལ་ཤུགས་བསྣན་ནས། ས་ཁུལ་གྱི་ཐཱན་ཉུང་རྒྱུན་མཐུད་འཕེལ་རྒྱས་ཐད་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། ཀྲུང་གོས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་སུ་གཏོང་བའི་འགུལ་སྐྱོད་འཆར་གཞི་འདོན་འདོད་ཡོད། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་རྒྱ་མཚོའི་ཚན་རྩལ་མཉམ་འབྲེལ་ཞིབ་འཇུག་གསར་སྤེལ་ལྟེ་གནས་ཀྱི་གསོན་ཤུགས་ཆེར་བསྐྱེད་པ་དང་། དཔལ་འབྱོར་གྲོགས་པོའི་འབྲེལ་བ་ལྷད་མེད་བཙུགས་ཏེ། རྒྱ་མཚོ་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་དགོས།

ལྔ། མཛའ་བརྩེའི་ཁྱིམ་གཞི་མཉམ་འཛུགས་བྱེད་དགོས། ཞི་བདེ་དང་འཕེལ་རྒྱས། འདྲ་མཉམ། དྲང་བདེན། དམངས་གཙོ། རང་དབང་གི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། རིམས་ནད་རྗེས་སུ་གོ་རིམ་ལྡན་པའི་ངང་མིའི་འགྲོ་འོང་སླར་གསོ་བྱེད་པར་བསམ་གཞིགས་བཏང་ནས། རིག་གནས་དང་གནས་སྐོར། རིག་མཛོད། སྨྱན་བྱད། བུད་མེད་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མུ་མཐུད་དུ་སྤེལ་དགོས། ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་ལས་རིགས་སློབ་གསོ་དང་སློབ་སྦྱོང་བརྒྱུད་རིམ་ཁས་ལེན་སོགས་ཐད་ཀྱི་མཉམ་ལས་སྤེལ་ནས། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཅིན་དབྱིན་སློབ་རོགས་བྱ་དགའི་མ་དངུལ་གྱི་མིང་ཐོ་ཇེ་མང་དུ་གཏོང་འདོད་ཡོད། སང་ལོར། ང་ཚོས་འཕྲོ་རིམ་འཕྲོར་པེ་ཅིང་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་དང་ཧང་ཀྲིག་ཨེ་ཤ་ཡ་ལུས་རྩལ་འགྲན་ཚོགས་བསྡུ་རྒྱུ་ཡིན་པ་དང་། ཀྲུང་གོས་དེ་གོ་སྐབས་སུ་བརྩིས་ནས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་སོ་སོའི་བར་གྱི་ལུས་རྩལ་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད།

ཞི་ཅིན་ཕིང་གིས་མཇུག་མཐར་ནན་གྱིས་བསྟན་དོན། ཀྲུང་གོས་གནའ་མི་ལ་ལུགས་དང་མཐུན་པ་ཐབས་ཀྱི་མཆོག དམངས་ལ་བརྟེན་ན་དོན་ཀུན་འགྲུབ་ཅེས་པའི་བཤད་སྲོལ་ཡོད་པ་དང་། ང་ཚོས་མི་དམངས་ཀྱི་དགའ་སྐྱིད་འཚོ་བའི་ཐད་ཀྱི་རེ་འདུན་ཡིད་ལ་འཛིན་པ་དང་། ཞི་བདེ་སྲུང་སྐྱོབ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ། མཉམ་དུ་མདུན་སྐྱོད་བྱེད་པ་དང་། རྒྱུན་མཐུད་ངང་འབད་འཐབ་བྱས་ཏེ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྔར་ལས་དམ་ཟབ་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དང་། སྔར་ལས་དར་རྒྱས་མཛེས་སྡུག་གི་ས་ཁུལ་དང་འཛམ་གླིང་མཉམ་འཛུགས་བྱེད་དགོས།

ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་ཝུན་ལེ་རྒྱལ་ཁབ་ཀྱི་སུའུ་ཏན་ཧྭ་སང་ན་ཨེར་གྱིས་མཉམ་དུ་མཐོ་རིམ་གླེང་སྟེགས་ལ་མགོ་འཛིན་བྱས། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧོང་སིན་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཙའོ་ཁི། ལའོ་ཝའོ་རྒྱལ་ཁར་ཀྱི་ཀྲུའུ་ཞི་ཐུང་ལུང་། མ་ལེ་ཞི་ཡའི་ཙུང་ལི་དབྱི་སི་མའེ་ཨེར། ཧྥེ་ལི་པིན་གྱི་ཙུང་ཐུང་ཏུའུ་ཐི་ཨེར་ཐི།  སིང་ག་ཕོར་གྱི་ཙུང་ལི་ལིས་ཞན་ལུང་། ཐའེ་གོའི་ཙུང་ལི་པ་ཡུས། ཡེའོ་ནན་གྱི་ཙུང་ལི་ཧྥན་མེན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ལིན་ཡུས་ཧོས་གྲོས་ཚོགས་ལ་ཞུགས།

ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་ཀྲུང་གོས་མགོ་འཛིན་བྱས་ནས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་བར་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བར་དྲན་གསོ་ཞུ་བའི་མཐོ་རིམ་གྲོས་ཚོགས་བསྡུས་པར་བཀའ་དྲིན་ཞུས་པ་དང་། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐྱེས་སྐར་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་པ་སོགས་ཀྱི་གྲུབ་འབྲས་མི་དམན་པ་བླངས་པར་རྟེན་འབྲེལ་ཞུས། ཁོ་ཚོས་བསྟན་དོན། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཀྲུང་གོའི་བར་གྲོས་མོལ་འབྲེལ་བ་བཙུགས་པའི་ལོ་ངོ་སུམ་ཅུའི་རིང་ལ། ཕྱོགས་གཉིས་ཀ་ཆེས་ཆ་ཚང་བ་དང་གོ་དོན་ཕུན་སུམ་ཚོགས་པ། ཆེས་གཉིས་ཕན་མཉམ་རྒྱལ་གྱི་འཐབ་ཇུས་གྲོགས་པོར་གྱུར་ནས། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་བ་དང་། ཕྱོགས་གཉིས་ཀྱི་མི་དམངས་ལ་ཁེ་ཕན་མང་པོ་བསྐྲུན། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོས་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པ་དང་རིམས་ནད་རྗེས་ཀྱི་དཔལ་འབྱོར་སླར་གསོ་བྱེད་པའི་ཐད་རྒྱབ་སྐྱོར་ཆེན་པོ་་བྱས་པར་བསྔགས་བརྗོད་བྱེད་བཞིན་ཡོད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི་ལ་དགའ་བསུ་བྱེད་བཞིན་ཡོད་པ་དང་། ཀྲུང་གོ་དང་མཉམ་དུ་རྒྱུད་གཅིག་ལམ་གཅིག་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་འབྲེལ་མཉམ་མཐུད་ཀྱི2025ལོའི་སྤྱི་ཡོངས་འཆར་འགོད་ལ་སྦྲེལ་མཐུད་བྱས་ཏེ། མཉམ་ལས་ཀྱི་སྦས་ཤུགས་སྔར་ལས་ཕྱིར་གཏོང་བ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མི་གཞུང་བརྗེ་རེས་ལ་ཤུགས་སྣོན་འདོད་ཡོད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་ཀྲུང་གོ་དང་མཉམ་དུ་ཕྱོགས་མང་རིང་ལུགས་དང་ཕྱོགས་མང་ཉོ་ཚོང་ལམ་ལུགས། ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་བཅའ་ཁྲིམས་རྩ་དོན་ལ་སྲུང་སྐྱོབ་བྱེད་པ་དང་། མཉམ་དུ་ཁུལ་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་བ། ནམ་ཟླའི་འགྱུར་ལྡོག་སོགས་གོ་ལ་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་ནས། ལྗང་མདོག་དང་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་འདོད་ཡོད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་སོ་སོའི་མགོ་ཁྲིད་པས་བསྟན་དོན། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་དངོས་སུ་བཙུགས་པ་དེ་ནི་ཕྱོགས་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་རྡོ་རིང་ལྟ་བུ་ཡིན་ལ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་གཉིས་ཀྱིས་མཉམ་དུ་འབད་འཐབ་བྱེད་པ་དང་། ཁྱོན་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོའི་འབྲེལ་བའི་ཐད་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་ལོ་སུམ་ཅུར་བསུ་མ་བྱས་ཏེ། ས་ཁུལ་ཞི་བདེ་དང་གཏན་འཇགས། དར་རྒྱས་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་འདོད་ཡོད། པེ་ཅིང་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་བསྡུ་བའི་སྨོན་འདུན་ཞུས་པ་ཡིན་ཟེར།

མཐོ་རིམ་གྲོས་ཚོགས་སྟེང་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྲོས་མོལ་འབྲེལ་བ་བཙུགས་ནས་ལོ་སུམ་ཅུ་འཁོར་བར་དྲན་གསོ་ཞུ་བའི་མཐོ་རིམ་གྲོས་ཚོགས་ཀྱི་མཉམ་འབྲེལ་གསལ་བསྒྲགས་ལ་གྲོས་འཆམ་བྱུང་།

ཏིང་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཧི་ལིས་ཧྥིན་བཅས་མཐོ་རིམ་གྲོས་ཚོགས་ལ་ཞུགས།

བཀྲ་ཤིས་འབུམ་དང་རིན་ཆེན་མཚོས་བསྒྱུར།