ཞིན་ཁྲང་ཞིང་གིས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དུ་ཉིས་སྟོང་ཉེར་གཅིག་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཀྱི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་དང་དཔྱད་ཞིབ་བྱས།
2021.12.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ།   ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་དུ་ཉིས་སྟོང་ཉེར་གཅིག་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ཀྱི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་ཞིབ་བཤེར་དང་དཔྱད་ཞིབ་བྱེད་སྐབས།   ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དཔྱིས་ཕྱིན་དང་དོན་འཁྱོལ་ནན་མོ་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་རང་བྱུང་ཐོན་ཁུངས་བྱ་བའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་རྒྱུན་ཆད་མེད་པར་སློབ་སྦྱོང་དང་ལག་བསྟར་བྱེད་པ།   རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་དམ་པོར་འཛིན་པ།   ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འགན་འཁྲི་གཙོ་བོ་སྔར་ལས་དོན་འཁྱོལ་བཟང་པོ་བྱེད་པ།   ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།    སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་འཛུགས་སྐྲུན་བྱེད་པ་བཅས་བྱས་ནས་རང་ཞིང་གི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་རང་བྱུང་ཐོན་ཁུངས་ཀྱི་སྟོབས་ལྡན་འགན་སྲུང་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞིན་ཁྲང་ཞིང་གིས་བསྟན་དོན།    ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་ནི་དུས་རབས་གསར་པའི་ནང་ཏང་གིས་རྒྱལ་སྐྱོང་སྲིད་སྐྱོང་བྱེད་པའི་ཁྱད་ཆོས་གསར་པ་ཞིག་ཡིན།  ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པས་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་དམིགས་ནས་དུས་རིམ་གསར་པར་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་།  རང་ཉིད་གསར་བརྗེ་བྱེད་ཕོད་པར་བྱེད་པའི་ཐད་ལ་བླང་བྱ་སྔར་ལས་གསར་པ་བཏོན་ཡོད་པས། བླང་བྱ་དེར་དམིགས་ནས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཐད་ཀྱི་བླང་བྱ་གལ་ཆེན་དང་རང་བྱུང་ཐོན་ཁུངས་བྱ་བའི་ཐད་ཀྱི་རྒྱས་བཤད་གལ་ཆེན་ནུས་ཡོད་སྒོས་སྦྲེལ་མཐུད་བྱེད་དགོས་པ་དང་།    ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་བཀོལ་སྤྱོད་བཟང་པོ་བྱེད་དགོས་ལ།   གྲོན་ཆུང་དང་སྲུང་སྐྱོབ་སྔོན་དུ་འགྲོ་བ་དང་རང་བྱུང་སླར་གསོ་གཙོར་འཛིན་རྒྱུ་བྱེད་ཐབས་སུ་བྱེད་པ།    རི་ཆུ་ནགས་གསུམ་དང་ཞིང་ས།    མཚེའུ། རྩྭ་ཐང་བཅས་ནི་ཚེ་སྲོག་ཐུན་མོང་ཚོགས་པ་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་ཆེས་གཟབ་ནན་ཡིན་པའི་ལམ་ལུགས་དང་ཆེས་དམ་པོ་ཡིན་པའི་ཁྲིམས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་སྲུང་སྐྱོབ་དང་རང་བྱུང་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་དགོས་པ་དང་།    ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་སོགས་ཐད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་ནན་མོ་བཏང་སྟེ་རང་བྱུང་ཐོན་ཁུངས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན།   རྒྱལ་ཁབ་ཀྱི་དོན་ཆེན་ཡིད་ལ་དམ་པོར་འཛིན་པ་དང་།   ཚན་རིག་དང་མཐུན་ཞིང་ཚད་ལྡན་སྒོས་འགན་འཁྲི་ལག་བསྟར་བཟང་པོ་བྱས་ཏེ།    ཆབ་སྲིད་ཀྱི་བླང་བྱ་དེ་ཞིབ་ཕྲའི་འགུལ་སྐྱོད་སྟེང་ནས་དོན་འཁྱོལ་དང་ཏང་གི་ལམ་ཕྱོགས་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་འགུལ་སྐྱོད་དངོས་ཀྱི་སྟེང་ནས་མངོན་པར་བྱེད་པ།   རང་བྱུང་ཐོན་ཁུངས་འགན་སྲུང་ཞབས་ཞུ་ཇེ་དྲག་ཏུ་གཏོང་བའི་འགུལ་སྐྱོད་དངོས་ཀྱི་སྟེང་མངོན་པར་བྱེད་པ།    ཏང་གི་ཆེད་དུ་འབད་འཐབ་བྱེད་པ་དང་རྒྱལ་ཁབ་ཀྱི་ཆེད་དུ་རང་འགན་ལེགས་པོར་བསྒྲུབ་པ།  དམངས་ཀྱི་ཆེད་དུ་བྱས་རྗེས་འཇོག་པའི་འགུལ་སྐྱོད་དངོས་ཀྱི་སྟེང་མངོན་པར་བྱེད་དགོས།   རྒྱུན་ཆད་མེད་པར་ནུས་པ་ཇེ་མཐོར་གཏོང་བ་དང་སྤྱོད་ཚུལ་ལེགས་བཅོས་བྱས་ཏེ་མང་ཚོགས་འདུ་ཤེས་དང་མང་ཚོགས་ལམ་ཕྱོགས་གཉིས་རང་བྱུང་ཐོན་ཁུངས་བྱ་བའི་ཕྱོགས་སོ་སོ་རུ་དོན་འཁྱོལ་བྱེད་དགོས་པ་དང་།   གློད་སྡོམ་ཞབས་གསུམ་གྱི་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་ཞབས་ཞུའི་ནུས་པ་མཐོར་འདེགས་བཏང་སྟེ་རང་བྱུང་ཐོན་ཁུངས་མ་ལག་གི་སྣང་ཚུལ་བཟང་པོར་སྲུང་སྐྱོབ་བྱེད་དགོས།     རིགས་སོ་སོའི་ཉེན་ཁར་དམིགས་ནས་འགོག་སྲུང་དང་བཅོས་སྐྱོང་ལ་ཤུགས་སྣོན་དགོས་པ་དང་།   ཁྱབ་ཁོངས་གཙོ་བོ་དང་ཉམས་ཞན་ས་གཅིག་སྡུད་བྱེད་པ།   འབུར་ཐོན་གནད་དོན་ལེགས་བཅོས་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།    འཐུས་ཚང་ཡིན་པའི་ལྟ་སྐུལ་དོ་དམ་སྒྲིག་གཞི་དང་ཕན་ནུས་ལྡན་པའི་དབང་ཆ་ཚོད་འཛིན་སྒྲིག་གཞི།    གཟབ་ནན་གྱི་འགན་འཁྲི་རྩད་གཅོད་སྒྲིག་གཞི་བཅས་བཙུགས་ནས་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཉན་པ།   རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བའི་ཡུན་ཕན་རྐྱེན་སྲོལ་འཛུགས་དགོས།

                                                                                               ལྷ་མོ་ཚེ་རིང་གིས་བསྒྱུར།