མཱ་ཝེ་ཡུས་ཧྲུའུ་ཁུལ་གྱི་ནང་ཆེན་རྫོང་དུ་སོང་སྟེ་གྲོང་གསེབ་དར་སྤེལ་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས།
2021.12.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་དང་ཚེས་བཅོ་ལྔ་ཉིན་གཉིས་ལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་མཱ་ཝེ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་སོང་སྟེ་གྲོང་གསེབ་དར་སྤེལ་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སྒྲོག་འགྲེལ་བྱས། མཱ་ཝེ་ཡིས་བྱ་བའི་གནས་ཚུལ་ཡར་ཞུ་བྱས་པར་ཉན་པ་དང་དབུལ་སྐྱོར་ཐོན་ལས་ས་ཁུལ་ལ་རྟོག་ཞིབ་བྱས་པར་མ་ཟད་འབྲེལ་འདྲིས་བྱེད་སའི་ཤར་མདའ་གྲོང་རྡལ་བརྡ་ཆོ་སྡེ་བར་སོང་ནས་གཞི་རིམ་ལས་བྱེད་པ་དང་རོང་འབྲོག་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་མང་ཚོགས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན།

མཱ་ཝེ་ཡིས་བཤད་དོན། ནང་ཆེན་རྫོང་གིས་དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོང་གསེབ་དར་སྤེལ་བྱེད་པར་ནུས་ལྡན་འབྲེལ་མཐུད་བྱས་པར་རྩ་འཛུགས་དངོས་འབེབས་བྱས་པ་བཟང་ཞིང་སྲིད་ཇུས་ལག་བསྟར་བྱེད་པར་གོ་རིམ་ལྡན་ལ། དངོས་འབེབས་དོན་འཁྱོལ་བྱས་ནས་བྱ་བའི་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

མཱ་ཝེ་ཡིས་བསྟན་དོན། གྲོང་གསེབ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པ་ནི་ཐོག་མའི་སེམས་འདུན་དང་འགན་འཁྲི་ལག་བསྟར་བྱེད་པ་དང་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་སྤེལ་བྱེད་པའི་འཐབ་ཇུས་ཇུས་ཆོད་གལ་ཆེན་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། གྲོང་གསེབ་འཛུགས་སྐྲུན་འགུལ་སྐྱོད་ཁྱོན་ཡོངས་ནས་འགོ་རྩོམ་དགོས། ཐོན་ལས་རོགས་སྐྱོར་འབྲེལ་མཐུད་བཟང་པོར་བསྒྲུབ་པ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་འགྲོ་བར་རོགས་སྐྱོར་བྱེད་པ། ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ཕྱུག་སྒྱུར་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་ནས་རྒྱུན་མཐུད་འཕེལ་རྒྱས་ནུས་པ་སྔར་ལས་ཇེ་ཆེར་གཏོང་དགོས། རྨང་གཞིའི་སྒྲིག་ཆས་འབྲེལ་མཐུད་བཟང་པོར་བསྒྲུབ་ནས། སྡེ་བའི་རྣམ་པ་དང་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བཅོས་བྱེད་དགོས། གྲོང་གསེབ་དར་སྤེལ་གྱི་འགོ་ཁྲིད་སྒྲིག་སྲོལ་དང་དཔྱད་ཞིབ་གདེང་འཇོག་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། བྱ་བའི་སྟོབས་ཤུགས་དང་རྩ་འཛུགས་མ་ལག འཆར་འགོད་ལག་བསྟར། ལས་གཞིའི་འཛུགས་སྐྲུན། རྒྱུ་རྐྱེན་འགན་སྲུང་། ཏང་འཛུགས་སྣེ་ཁྲིད་སོགས་ཀྱི་སྐྱེ་ལྡན་ཟུང་འབྲེལ་ལ་སྐུལ་འདེད་བཏང་ནས། ཐོན་ལས་ཁྱད་ཆོས་མངོན་གསལ་ཡིན་པ་དང་གྲོང་གསེབ་བཅོས་སྐྱོང་ལ་ཕན་ནུས་ཐོབ་པ། མི་སྡོད་ཁོར་ཡུག་སྔར་ལས་མཛེས་པ། འཕེལ་རྒྱས་རྣམ་པ་སྣ་མང་ཅན་གྱི་མཐོ་སྒང་གི་གྲོང་གསེབ་དར་སྤེལ་བྱེད་པའི་བགྲོད་ལམ་ཞིག་ཏུ་བསྐྱོད་དགོས།

                                                                                             བཀྲ་ཤིས་འབུམ་གྱིས་བསྒྱུར།