ཝང་ཅན་ཅུན་གྱིས་ཚོགས་པ་ཁྲིད་དེ་རྨ་ལྷོ་ཁུལ་གྱི་ཉིས་སྟོང་ཉེར་གཅིག་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲིའི་དངོས་འབེབས་གནས་ཚུལ་ལ་དཔྱད་ཞིབ་བྱས།
2021.12.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཚོགས་པ་ཁྲིད་དེ་རྨ་ལྷོ་ཁུལ་གྱི་ཉིས་སྟོང་ཉེར་གཅིག་ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་གཙོ་གཞིའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲིའི་དངོས་འབེབས་གནས་ཚུལ་ལ་དཔྱད་ཞིབ་བྱས། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་དངོས་འབེབས་དང་ལག་བསྟར་བཟང་པོ་བྱེད་དགོས་ལ། ཏན་ཏིག་སྒོས་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བའི་ཐད་ནས་གྲུབ་འབྲས་བཟང་པོ་ཐོབ་པར་སྐུལ་འདེད་གཏོང་དགོས།

ཝང་ཅན་ཅུན་གྱིས་རྨ་ལྷོ་ཁུལ་ཨུའི་འགོ་ཁྲིད་ཚན་ཁག་སྐབས་གསར་པས་སྐབས་རིམ་བྱུང་གི་འགོ་ཁྲིད་ཚན་ཁག་གི་བྱ་བའི་རྨང་གཞིའི་སྟེང་རྒྱུན་མཐུད་འབད་འཐབ་དང་འགན་འཁྲི་ལག་བསྟར་བཟང་པོ་བྱས་པར་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་གྱི་འགན་འཁྲིའི་ལམ་ལུགས་ལ་དཔྱད་ཞིབ་བྱེད་པ་ནི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ནུས་ལྡན་བྱེད་ཐབས་ཤིག་ཡིན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་ནི་ཆེས་ཆེ་བའི་ཏང་སྲོལ་ཡིན། ཏང་གི་འགོ་ཁྲིད་ལ་སྟོབས་ལྡན་ནུས་ལྡན་གྱི་ཏང་སྲོལ་ཡོད་ན་བཟང་བ་དང་ཏང་གི་འགོ་ཁྲིད་ཀྱི་ཏང་སྲོལ་ཞན་ན་མི་བཟང་། དུས་དང་རྣམ་པ་ཀུན་ཏུ་ཏང་གི་འགོ་ཁྲིད་དེ་ལངས་ཕྱོགས་དང་ཁ་ཕྱོགས། དད་སེམས། སྟོབས་ཤུགས་བཅས་ཡིན་པའི་ཆ་ནས། སེམས་གཏིང་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལེགས་པོར་བསྒྲུབ་དགོས། ཏང་དང་མི་དམངས་ནམ་ཡང་འབྲལ་ཐབས་མེད་པ་ནི་ཆེས་བཟང་བའི་སྲིད་གཙང་ཡིན། དབང་ཆ་ནི་རྒྱལ་ཁབ་ཀྱི་སྤྱི་ཆས་ཡིན་པ་དང་ལས་བྱེད་པ་ནི་མི་དམངས་ཀྱི་སྤྱི་ཞབས་པ་ཡིན་ལ། སྲིད་གཙང་ནི་སྤྱི་སྒེར་གསལ་འབྱེད་ཀྱི་ཐིག་ཤིང་ལྟ་བུ་ཡིན། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ཁེ་ཕན་སེམས་ཁོང་གི་གོ་གནས་གལ་ཆེན་དུ་བཞག་སྟེ་ཏང་དང་མི་དམངས་ཀྱིས་གནང་བའི་དབང་ཆ་བཀོལ་སྤྱོད་གང་ལེགས་བྱེད་པ་དང་། ཏང་དང་མི་དམངས་ཀྱིས་སྤྲད་པའི་དོན་དག་བཟང་པོར་བསྒྲུབ་དགོས། སྤོབས་པ་ཆེན་པོས་རང་ཉིད་གསར་བརྗེ་བྱེད་པ་ནི་ཆེས་ཆེ་བའི་འཛུགས་སྐྲུན་ཡིན། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་ནམ་ཡང་རྒྱུན་འཁྱོངས་བྱེད་པ་དང་ཏང་ཡོན་ལས་བྱེད་པས་རང་ཉིད་གསར་བརྗེ་བྱེད་པ་ཡང་ནམ་ཡང་རྒྱུན་འཁྱོངས་བྱེད་དགོས། སྤོབས་པ་ཆེན་པོས་རང་ཉིད་ཀྱི་གཏམ་སྤྱོད་ལ་ཞིབ་བརྟག་བྱེད་པ་དང་། སྤོབས་པ་ཆེན་པོས་རང་ཉིད་ཀྱི་མི་འདང་ས་འཚོལ་བ། སྤོབས་པ་ཆེན་པོས་རང་ཉིད་ཀྱི་ནོར་འཁྲུལ་ཡོ་བསྲང་བྱེད་པ། སྤོབས་པ་ཆེན་པོས་ཏང་དང་མི་དམངས་ཀྱི་ཁེ་ཕན་དང་མི་འཚམ་པའི་བྱ་སྤྱོད་ཡོད་ཚད་ལ་རྦད་ཆོད་སྒོས་འཐབ་རྩོད་བྱེད་དགོས། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོང་བྱེད་པ་ནི་ཆེས་ཆེ་བའི་འགན་འཁྲི་ཡིན། ང་ཚོའི་ཏང་ནི་རྩ་འཛུགས་ཡོད་པ་དང་སྒྲིག་ལམ་ཡོད་པ། མ་ལག་ལྡན་པ། སྒྲིག་སྲོལ་ལྡན་པའི་སྲིད་ཏང་ཡིན། དཔྱད་ཞིབ་ནི་ཆེས་ཆེ་བའི་སྐུལ་ལྕག་ཡིན་ལ། དཔྱད་ཞིབ་བྱེད་དོན་ནི་ནུས་ཤུགས་དང་གསོན་ཤུགས། སྤོབས་སེམས་བཅས་ལ་དཔྱད་ཞིབ་བྱེད་པ་ཡིན་པ་དང་དམིགས་ཡུལ་ནི་སྤོབས་པ་ཆེར་བསྐྱེད་པ་དང་དྲང་ཕྱོགས་ནུས་ཚད་གཅིག་སྡུད་བྱེད་པ། སྤྱོད་ཚུལ་དར་སྤེལ་བཟང་པོ་བྱེད་རྒྱུ་དེ་ཡིན། དཔྱད་ཞིབ་བྱས་པ་བརྒྱུད་དེ་གནད་དོན་རྩད་གཅོད་པ་དང་གནད་དོན་ལ་ཞིབ་འཇུག་བྱེད་པ། གནད་དོན་ཐག་བཅད་ནས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་དགོས།

ཉིན་དེར། ཝང་ཅན་ཅུན་ད་དུང་ཐུན་རིན་གྲོང་ཁྱེར་གྱི་འབྲེལ་ཡོད་སྲང་ལམ་དང་ཁེ་ལས། སློབ་གྲྭ། དགོན་པ་སོགས་ལ་སོང་སྟེ་གཞི་རིམ་གྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས། རྒྱལ་ཡོངས་ཆོས་ལུགས་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས། ཁོས་བསྟན་དོན། ཀྲུང་དབྱང་གི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བྱེད་པ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ། ཆུ་དྭངས་རི་སྔོར་སྲུང་སྐྱོབ་བྱེད་པ་དང་། དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་མཉམ་དུ་ཕྱུག་པོར་འགྱུར་བར་བྱེད་དགོས། ཆོས་ལུགས་ཀྲུང་གོ་ཅན་དུ་བསྒྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཆོས་ལུགས་འཆམ་མཐུན་དེ་མི་རིགས་འཆམ་མཐུན་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་གཏོང་བའི་རྒྱུ་རྐྱེན་གཙོ་བོ་རུ་འགྱུར་བར་བྱེད་དགོས། དབུལ་ཐར་མཁྲེགས་གཏོར་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པ་དེ་གྲོས་གསེབ་དར་སྤེལ་བྱེད་པར་ནུས་ལྡན་འབྲེལ་མཐུད་བྱེད་སྐབས་ཀྱི་ཞན་ཆ་ཁ་གསབ་དང་མི་འདང་ས་ལེགས་སྒྱུར་བྱེད་པ་དང་། གྲོང་གསེབ་ཀྱི་ཆོས་ཉིད་ལྟར་གྲོང་གསེབ་ཀྱི་ལས་དོན་ལ་ཞིབ་འཇུག་བྱེད་པ་དང་གྲོང་གསེབ་ཀྱི་གནད་དོན་ཐག་གཅོད་པ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།

ཡུས་ཚུང་ལི་དཔྱད་ཞིབ་དང་རྟོག་ཞིབ་ལ་ཞུགས།

                                                                                      བཀྲ་ཤིས་འབུམ་གྱིས་བསྒྱུར།