ཧན་ཀྲིན་ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་ནས་གཅིག་གྱུར་གྱིས་ལག་བསྟར་བྱེད་པའི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས།
2021.12.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་པེ་ཅིང་དུ་ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་ནས་གཅིག་གྱུར་གྱིས་ལག་བསྟར་བྱེད་པའི་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུར་ཞུགས་ནས་གཏམ་བཤད། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས། ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་ནས་གཅིག་གྱུར་གྱིས་ལག་བསྟར་བྱེད་པའི་བྱ་བར་སྐུལ་སློང་དང་བཀོད་སྒྲིག་བྱས།

ཧན་ཀྲིན་གྱིས་བསྟན་དོན། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་ནས་གཅིག་གྱུར་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་རྒྱུ་ནི། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ལས་དོན་འདི་རྒྱ་ཆེའི་ལས་བཟོ་པ་དང་ཁྱིམ་ཚང་ཁྲི་སྟོང་མང་པོའི་བདེ་རྩར་འབྲེལ་བ་ངེས་ཅན་ཡོད་ཅིང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་ཡོང་མིན་ལ་ཐད་ཀར་འབྲེལ་བ་ཡོད། ས་གནས་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་ཕྱོགས་སྔར་ལས་ཇེ་བརྟན་དུ་བཏང་ནས། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་རྒྱུ་དང་། བསམ་བློའི་ངོས་འཛིན་དང་ལག་ལེན་གཉིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ཏེ། བཅོས་སྒྱུར་གྱི་བྱེད་ཐབས་ཁག་ཇི་མ་ཇི་བཞིན་དུ་དངོས་འབེབས་ཡག་པོ་དང་ལག་བསྟར་ཡག་པོ་བྱེད་དགོས།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། གཙོ་གནད་ལས་འགན་འབུར་ཐོན་ཡོང་བར་བྱས་ཏེ། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་བྱེད་པའི་ལས་དོན་ཏན་ཏིག་གིས་སྒྲུབ་དགོས། རྒན་གསོའི་འགན་བཅོལ་སྲིད་ཇུས་གཅིག་གྱུར་བྱས་ཏེ། རྒྱལ་ཡོངས་བསམ་ཇུས་གཅིག་ཏུ་ཡོང་བར་བྱས་ནས། ངལ་རྩོལ་པ་དང་ལས་འཁྱུར་ངལ་གསོ་བྱས་མཁན་གྱི་རྒན་གསོའི་འགན་བཅོལ་ཁེ་དབང་ལ་འགན་ལེན་གང་ལེགས་བྱེད་དགོས། རྒྱལ་ཡོངས་སུ་མ་དངུལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པའི་དོ་དམ་ལ་ཤུགས་བསྣན་ཏེ། ཐེབས་རྩའི་བདེ་འཇགས་དང་གཏོང་སྤྲོད་བདེ་བླག་ཡོང་བར་ཁག་ཐེག་བྱེད་དགོས་པ་དང་། རྒན་གསོའི་འགན་བཅོལ་ལམ་ལུགས་ཀྱི་རྒྱུན་མཐུད་རང་བཞིན་དང་དྲང་གཞག་རང་བཞིན་ལ་ཤུགས་སྣོན་དགོས། ཀྲུང་དབྱང་དང་ས་གནས་ཀྱི་རྒན་གསོའི་འགན་བཅོལ་འགྲོ་སྒོའི་འགན་འཁྲི་ཁག་བགོས་ལམ་སྲོལ་བཙུགས་ནས། ཀྲུང་དབྱང་ནོར་སྲིད་ཀྱིས་བརྟན་པོའི་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ། ས་གནས་སྲིད་གཞུང་གི་འགྲོ་སྒོའི་འགན་འཁྲི་རིམ་བཞིན་ཆེ་རུ་བཏང་ནས། གཞི་རྩའི་རྒན་གསོའི་མ་དངུལ་དུས་ཐོག་ཏུ་འདང་ངེས་སྤྲོད་ཐུབ་པར་འགན་ལེན་བྱེད་དགོས། ནུས་པ་ཇེ་ཆེར་གཏོང་བར་ཤུགས་སྣོན་དང་། སྲིད་ཇུས་གཏན་འབེབས་དང་དངོས་གཉེར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། རྒྱལ་ཡོངས་གཅིག་གྱུར་གྱི་ཆ་འཕྲིན་མ་ལག་གང་མགྱོགས་ཀྱིས་འཛུགས་པ་བཅས་བྱེད་དགོས། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། ལས་ཀའི་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ལྟ་སྐུལ་དཔྱད་ཞིབ་ལ་ཤུགས་སྣོན་པ་བཅས་བྱས་ནས། ཁེ་ལས་ཀྱི་ལས་བཟོ་པའི་གཞི་རྩའི་རྒན་གསོ་འགན་བཅོལ་རྒྱལ་ཡོངས་སུ་གཅིག་གྱུར་བྱེད་པའི་ལམ་ལུགས་བདེ་བླག་ངང་ལག་བསྟར་ཐུབ་པར་འགན་ལེན་བྱེད་དགོས།

ཧུའུ་ཁྲུན་ཧྭ་ཡིས་ཚོགས་འདུར་འགོ་འཛིན་བྱས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ནོར་སྲིད་པུའུ། ལེའོ་ཉིན་ཞིང་ཆེན། ཀོང་ཏུང་ཞིང་ཆེན་བཅས་ཀྱི་མི་དམངས་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་གཏམ་བཤད།

བན་དེ་སྐྱབས་ཀྱིས་བསྒྱུར།