ལིས་ཀྲན་ཧྲུའུ་ཡིས་བརྙན་ལམ་ནས་སི་ཕེན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་དང་གྲོས་མོལ་བྱས།
2021.12.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་བརྙན་ལམ་ནས། སི་ཕེན་གྱི་གྲོས་ཁང་ཞོལ་མའི་གྲོས་དཔོན་པཱ་ཐའེ་ཐི་དང་གྲོས་མོལ་བྱས།

ལིས་ཀྲན་ཧྲུའུ་ཡིས་བཤད་རྒྱུར། སི་ཕེན་ནི་ཀྲུང་གོའི་གྲོགས་པོ་བཟང་པོ་དང་མཉམ་ལས་ཀྱི་གྲོགས་པོ་གལ་ཆེན་ཡིན། ཉིས་སྟོང་བཅོ་བརྒྱད་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སི་ཕེན་ལ་རྒྱལ་དོན་འཚམས་འདྲི་གནང་ནས། ཕྱོགས་གཉིས་ཀའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་འབྲེལ་བ་དུས་སྐབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་། རྒྱལ་ཁབ་གཉིས་ཀའི་མཐོ་རིམ་བར་དུ་འགྲོ་འོང་དམ་ཟབ་བྱུང་བ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད་ལ། ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གང་ལེགས་བཏང་བར་བརྟེན། རྒྱལ་ཁབ་གཉིས་ཀའི་མཛའ་མཐུན་དང་མཉམ་ལས་དུས་རབས་གསར་པའི་ནང་དུ་འཕེལ་རྒྱས་གསར་པ་བྱུང་ཡོད།

ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་སི་ཕེན་གྱི་གྲོས་ཁང་དང་མཉམ་དུ་བརྗེ་རེས་མཉམ་ལས་ལ་སྔར་ལས་ཤུགས་སྣོན་རྒྱུ་དང་། མཐོ་རིམ་གྱི་འགྲོ་འོང་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ། ཆེད་དོན་ཨུ་ཡོན་ལྷན་ཁང་དང་འཐུས་མི་དང་གྲོས་མིའི་བར་བརྗེ་རེས་བྱ་རྒྱུར་ཤུགས་སྣོན་འདོད་ཡོད། ཁྲིམས་འཛུགས་དང་བཅའ་ཁྲིམས་བཟོ་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས། སྤུས་ཚད་མཐོན་པོས་མཉམ་དུ་རྒྱུད་གཅིག་ལམ་གཅིག་དང་ཁྱབ་ཁོངས་ཁག་གི་དངོས་གཉེར་མཉམ་ལས་ལ་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱས་ནས། སྒོ་འབྱེད་དང་དྲང་གཞག་གི་ཚོང་གཉེར་ཁོར་ཡུག་བསྐྲུན་རྒྱུ་དང་། རྒྱལ་སྐྱོང་སྲིད་སྐྱོང་གི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་པ། རྒྱལ་ཁབ་ཁག་གི་གྲོས་ཁང་མནའ་འབྲེལ་སོགས་ཕྱོགས་མང་ཚོགས་རར་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་བཏང་ནས། མཉམ་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།

པཱ་ཐའེ་ཐི་ཡིས་བསྟན་དོན། སི་ཕེན་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་རྩོད་མདུན་དུ། འཛམ་གླིང་གི་མཉམ་ལས་ཀྱི་གལ་ཆེན་རང་བཞིན་སྔར་ལས་ཁ་ཚ་དགོས་གཏུག་ཅན་དུ་གྱུར་ཡོད་པས། ཕྱོགས་མང་རིང་ལུགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། སི་ཕེན་གྱི་གྲོས་ཁང་གིས་ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་ཕན་ཚུན་མཛའ་མཐུན་འགྲོ་འོང་བྱེད་པར་ཤུགས་སྣོན་འདོད་ཡོད། ཀྲུང་གོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་རྒྱུའི་སྨོན་འདུན་ཞུས་པ་ཡིན།

བན་དེ་སྐྱབས་ཀྱིས་བསྒྱུར།