ལིས་ཁི་ཆང་འཛམ་གླིང་གི་དབུ་བཞུགས་ལག་བསྟར་དཔོན་པོའི་ཨུ་ཡོན་ལྷན་ཁང་གི་བགྲོ་གླེང་ཚོགས་འདུར་ཞུགས།
2021.12.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 90

ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་པེ་ཅིང་དུ་བརྙན་ལམ་ནས། འཛམ་གླིང་གི་དབུ་བཞུགས་ལག་བསྟར་དཔོན་པོའི་ཨུ་ཡོན་ལྷན་ཁང་གི་བགྲོ་གླེང་ཚོགས་འདུར་ཞུགས་ཏེ། འཛམ་གླིང་གི་སྟོབས་ལྡན་ཀུང་ཟི་ལྔ་བརྒྱ་ཡི་འགན་འཁུར་བ་སུམ་ཅུ་ཙམ་དང་། གསར་གཏོད་འཕེལ་རྒྱས་དང་ལྷད་མེད་ཐཱན་ཉུང་ཚུལ་སྒྱུར། རྒྱལ་ཁོངས་ལས་བརྒལ་བའི་ཀུང་ཟི་ཡི་ཀྲུང་གོ་ནས་འཕེལ་རྒྱས་གཏོང་བའི་གོ་སྐབས་གསར་པ་སོགས་ཀྱི་གྲོས་གཞིར་དམིགས་ནས་བསམ་ཚུལ་བརྗེ་རེས་གཏིང་ཟབ་བྱས།

ལིས་ཁི་ཆང་གིས་བསྟན་དོན། ཀྲུང་གོ་ནི་འཛམ་གླིང་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་དང་མི་མངོན་པའི་ནུས་ཤུགས་ཆེན་པོ་ལྡན་པའི་འཕེལ་རྒྱས་འགྲོ་བཞིན་པའི་ཁྲོམ་ར་ཞིག་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསར་གཏོད་ཅེས་པའི་སྒུལ་ཤུགས་ཨང་དང་པོ་དེར་ཤུགས་སྣོན་དགོས་ཞེས་བཞེད་དགོངས་བཏོན་མྱོང་།  ང་ཚོས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ནས། གསར་གཏོད་ཀྱི་འདུ་ཤེས་དང་གསོན་ཤུགས་ཟམ་མི་ཆད་པར་འཕེལ་བར་བྱས་ཡོད། ང་ཚོས་ལམ་ལུགས་རང་བཞིན་གྱི་ཁྲལ་འཕྲི་དངུལ་གཅོག་གི་བཀོད་སྒྲིག་མུ་མཐུད་ལག་བསྟར་ཡག་པོ་བྱེད་རྒྱུ་ཡིན་ལ། དེའི་ཁྲོད་དུ་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་རྩིས་འཐེན་དང་གནས་ཐང་འཕར་ཁྲལ་གྱི་ཁྲལ་སློག་སོགས་ཚུད་ཡོད་ལ། དྲང་གཞག་དང་ཀུན་ཕན་གྱི་ཁྲོམ་ར་ཅན་གྱི་བྱེད་ཐབས་བརྒྱུད་དེ་ཁེ་ལས་ཀྱི་གསར་གཏོད་དང་ལག་རྩལ་བསྒྱུར་བཀོད་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ནུས་ཁུངས་གསར་པ་གསར་སྤེལ་དང་རྡོ་སོལ་གཙང་མར་སྤྱོད་པར་ཤུགས་སྣོན་པ་དང་། ནུས་ཁུངས་དང་གློག་ཤུགས་མཁོ་འདོན་འགན་སྲུང་བྱེད་པའི་དུས་མཚུངས་སུ། ལྷད་མེད་ཐཱན་ཉུང་ཚུལ་སྒྱུར་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས།

ལིས་ཁི་ཆང་གིས་ཀྲུང་གོའི་དཔལ་འབྱོར་གྱི་གནས་བབ་ངོ་སྤྲོད་བྱས་ཏེ་བསྟན་དོན། ང་ཚོས་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་བརྟན་པོའི་ངང་འཕར་སྣོན་འབྱུང་རྒྱུ་གལ་ཆེན་དུ་བརྩིས་ནས། ་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་གནས་པར་བྱས་ཏེ། གཞི་རྩའི་ཕྱོགས་ཡོངས་ཡུན་རིང་ཡག་པོ་ཡོང་བར་བྱ་རྒྱུ་ཡིན།  ཚོང་ར་གཙོ་བོའི་དགོས་མཁོར་དམིགས་ནས་ཆེ་ཕྱོགས་སྲིད་ཇུས་མུ་མཐུད་དུ་གཏན་འབེབས་དང་ལག་བསྟར་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་དང་། ནོར་སྲིད་དང་དངུལ་རྩའི་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། སྡེབ་སྒྲིག་ཅན་གྱི་ཁྲལ་འཕྲི་དངུལ་གཅོག་དང་མ་དངུལ་བསྡུ་རུབ་ཀྱིས་མ་རྩ་གཅོག་པ་སོགས་ཀྱི་ཐབས་ཤེས་སྤྱད་དེ། ཁོང་ཚོའི་ཁུར་པོ་ཇེ་ཡང་དུ་གཏོང་བར་རོགས་རམ་དང་། ཚོང་ར་གཙོ་བོའི་སྐྱེ་སྟོབས་དང་འཕེལ་རྒྱས་ཀྱི་ནང་གནས་སྒུལ་ཤུགས་བསྐྱེད་པ། དཔལ་འབྱོར་བརྟན་པོ་དང་ལས་ཞུགས་བརྟན་པོ་ཡོང་བ་བཅས་བྱེད་དགོས།

ཝང་དབྱི་དང་ཧི་ལིས་ཧྥུན་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།