ཞི་ཅིན་ཕིང་གིས་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མིར་མཇལ་འཕྲད་གནང་།
2021.12.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 206

ཟླ་བཅུ་གཉིས་པའི་ཚེས་བཅོ་ལྔ་ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ནས། ཁོ་ཚོར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པར་མ་ཟད། ་ཁོ་ཚོས་ཡང་འབད་བསྐྱར་འབད་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་བསྐྲུན་ཆེད་ལེགས་སྐྱེས་གསར་པ་གང་མང་འབུལ་དགོས་པའི་ཐུགས་རེ་བཏོན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་མཇལ་འཕྲད་ལ་ཞུགས།

ཕྱི་དྲོའི་དུས་ཚོད་གསུམ་དང་ཕྱེད་ཀའི་སྟེང་དུ། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེན་མོའི་ཚོམས་ཆེན་བྱང་མར་ཕེབས་མ་ཐག ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁྱབ།  ཞི་ཅིན་ཕིང་སོགས་ཀྱིས་འཐུས་མི་ཚོར་ཕྱག་གཡུག་གཡུག་བྱས་ཏེ་གུས་ལན་གནང་བ་དང་། ཚང་མ་དང་ལྷན་དུ་བྱམས་བརྩེའི་ངང་དགོངས་འཆར་བརྗེ་རེས་གནང་བར་མ་ཟད། དྲན་རྟེན་མཉམ་པར་བསྐྱོན།

ཚེས་བཅོ་ལྔ་ཉིན་གྱི་སྔ་དྲོ། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་བསྡུས་ཤིང་། གོ་ཧྲིན་ཁུན་མཇལ་འཕྲད་དངོས་ལ་ཞུགས་ནས་གཟེངས་བསྟོད་ཚོགས་ཆེན་སྟེང་གཏམ་བཤད་དེ་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་དེ་ཉིད་སྒུལ་ཤུགས་ཆེན་པོར་བསྒྱུར་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་རྒྱུ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཆབ་སྲིད་སྔར་ལས་བདེ་འཇགས་དང་སྤྱི་ཚོགས་སྔར་ལས་བདེ་འཇགས། མི་དམངས་སྔར་ལས་བདེ་འཇགས་བཅས་ཡོང་བར་འགན་ལེན་བྱས་ཏེ། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་དང་། ཀྲུང་ཧྭ་མི་རིགས་ རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་ལེགས་སྐྱེས་གསར་པ་སྔར་ལས་གང་མང་འབུལ་དགོས།

ཚོགས་ཐོག་ནས་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་སྔོན་ཐོན་ཐུན་མོང་བརྒྱ་དང་བཞི་བཅུ་དང་སྔོན་ཐོན་མི་སྒེར་བརྒྱ་དང་ཉེར་དགུ་ལ་གཟེངས་བསྟོད་བྱས་པ་དང་། བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་དྲུག་ཅུ་དང་བདེ་འཇགས་ཀྲུང་གོ་འཛུགས་སྐྲུན་གྱི་དཔེ་སྟོན་རྫོང་བརྒྱ་དང་དྲུག་ཅུ་ལ་སྒོ་བྱང་སྤྲད་པར་མ་ཟད། གྲོང་ཁྱེར་དང་རྫོང་དོན་གསུམ་ལ“བདེན་འཇགས་ཡུན་བརྟན་བུམ་པའི”མཚན་སྙན་གནང་། གཟེངས་བསྟོད་ཐོབ་པའི་འཐུས་མི་བཞི་ཡིས་བསམ་བློ་བརྗེ་རེས་ཀྱི་གཏམ་བཤད་བྱས།

ཏེན་ཞུའེ་ཞང་དང་དབྱང་ཞའོ་ཏུའུ། ཁྲིན་ཞི། ཧོང་ཁུན་མེན། ཞའོ་ཅེ་བཅས་ཐེངས་འདིའི་མཇལ་འཕྲད་ལ་ཞུགས་པ་དང་། ཀྲའོ་ཁི་ཀྲི་དང་ཀྲིག་ཆང་། ཀྲང་ཅུན་བཅས་མཇལ་འཕྲད་དང་ཚོགས་ཆེན་ལ་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།