ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པ་བསྡུས།
2021.12.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 23

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཞི་ཅིན་ཕིང་གིས་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་འགོ་འཛིན་མཛད་དེ་ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གསུམ་པ་བསྡུས་ནས། 《རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་མྱུར་དུ་འཛུགས་སྐྲུན་བྱེད་པའི་སྐོར་གྱི་བསམ་འཆར》དང་།  《སྲིད་གཞུང་གི་ལྟ་སྐུལ་དོ་དམ་ཕན་ནུས་སྔར་ལས་མཐོར་འདེགས་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར》《འཛམ་གླིང་གི་སློབ་གྲྭ་ཆེན་མོ་རྩེ་གྲ་དང་རིག་ཚན་རྩེ་གྲའི་འཛུགས་སྐྱོང་ལ་སྐུལ་འདེད་ཟབ་མོ་གཏོང་བའི་སྐོར་གྱི་བསམ་འཆར་འགའ》《ཚན་རྩལ་མི་ཆོས་ཀྱི་བཅོས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་མཛུབ་སྟོན་བསམ་འཆར》《མི་སྒེར་གྱི་རྒན་གསོའི་དངུལ་གྱི་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར》བཅས་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་།

ཞི་ཅིན་ཕིང་གི་གྲོས་ཚོགས་ལ་འགོ་འཛིན་མཛད་སྐབས་ནན་གྱིས་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གོང་དུ་སྤེལ་བ་ནི་ང་ཚོའི་ཏང་གི་རླབས་ཆེན་གསར་གཏོད་ཅིག་ཡིན་ལ། གནད་འགག་ནི་སྲིད་གཞུང་དང་ཁྲོམ་རའི་འབྲེལ་བ་ཐག་གཅོད་བཟང་པོ་བྱས་ཏེ། ཁྲོམ་རར་ཐོན་ཁུངས་སྒྲིག་བཀོད་ཁྲོད་དུ་ཐག་ཆོད་རང་བཞིན་གྱི་ནུས་པ་འདོན་དུ་འཇུག་རྒྱུ་དང་། སྲིད་གཞུང་གི་ནུས་པ་སྔར་ལས་བཟང་པོར་འདོན་རྒྱུ་དེ་ཡིན། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་བསྐྲུན་པར་དགོས་གལ་ཧ་ཅང་ཆེ་བ་ནི་ཕན་ནུས་མཐོ་ཞིང་ཚད་ལྡན་ཡིན་ལ། འདྲ་མཉམ་གྱིས་འགྲན་རྩོད་བྱེད་པ་དང་སྒོ་ཡོངས་སུ་འབྱེད་པའི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་པོ་ཞིག་མྱུར་དུ་འཛུགས་པ་དང་། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་རའི་ལམ་ལུགས་དང་སྒྲིག་སྲོལ་བཙུགས་ཏེ། ཚོང་རྫས་ཀྱི་རྒྱུ་རྐྱེན་ཐོན་ཁུངས་དེ་ཁྱབ་ཁོངས་སྔར་ལས་ཆེན་པོ་ནས་གེགས་མེད་དུ་འཁོར་རྒྱུག་བྱེད་པར་ཡར་སྐུལ་བྱེད་དགོས། སྲིད་གཞུང་གི་འགན་ནུས་མྱུར་དུ་བསྒྱུར་བ་དང་། སྲིད་གཞུང་གི་ལྟ་སྐུལ་དོ་དམ་ཕན་ནུས་མཐོར་འདེགས་བྱས་ཏེ། ནུས་པ་ཅན་གྱི་ཁྲོམ་ར་དང་བྱས་པ་ཅན་གྱི་སྲིད་གཞུང་གིས་མཉམ་འབྲེལ་སྔར་ལས་བཟང་པོ་བྱེད་པར་སྐུལ་འདེད་གཏོང་དགོས་པ་དང་། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་དགོས། འཇོན་མི་རྩེ་གྲ་སྐྱེད་སྲིང་བྱེད་པ་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་ཞབས་འདེགས་ཞུ་བ། འཛམ་གླིང་གི་རྩེ་གྲ་བརྩོན་ལེན་བྱེད་པ་བཅས་ཀྱི་ཕྱོགས་སྟོན་འབུར་དུ་ཐོན་པར་བྱས་ཏེ། སྒྲིག་སྲོལ་དང་རྐྱེན་སྲོལ་བཅོས་སྒྱུར་ཟབ་མོ་བྱས་ནས། སློབ་ཆེན་རྩ་གྲ་དང་རིག་ཚན་རྩེ་གྲར་གཅིག་གྱུར་སྐུལ་སྤེལ་དང་རིགས་བགར་འཛུགས་སྐྱོང་བྱེད་དགོས། ཚན་རྩལ་མི་ཆོས་ནི་ཚན་རྩལ་བྱ་འགུལ་གྱིས་ངེས་པར་དུ་བརྩི་སྲུང་བྱ་དགོས་པའི་རིན་ཐང་གི་ཚད་གཞི་ཡིན་པས། མིའི་རིགས་སྔར་ལས་སྐྱིད་ལ་འགོད་པ་དང་། ཚེ་སྲོག་གི་དབང་ཆར་བརྩི་བཀུར་བྱེད་པ། འདྲ་མཉམ་དྲང་གཞག་ཡིན་པ། ཉེན་ཁར་ལུགས་མཐུན་གྱིས་ཚོད་འཛིན་བྱེད་པ། ཡོངས་བསྒྲུགས་མངོན་གསལ་ཡིན་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་མང་པོ་ཟབ་ཞུགས་དང་མཐུན་སྦྱོར་མཉམ་བཅོས་ཀྱི་བཅོས་སྐྱོང་གི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ནས། ཚན་རྩལ་དགེ་བར་ཕྱོགས་ཀྱི་རིག་གནས་འདུ་ཤེས་དང་འགན་སྲུང་རྐྱེན་སྲོལ་འཛུགས་དགོས། ཀྲུང་གོའི་གནས་ཚུལ་དང་མཐུན་ལ། སྲིད་གཞུང་གིས་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པ། མི་སྒེར་རང་མོས་ཀྱིས་ཟབ་ཞུགས་བྱེད་པ། ཁྲོམ་ར་ཅན་གྱི་བདག་གཉེར་བྱེད་པ་བཅས་ཀྱི་མི་སྒེར་གྱི་རྒན་གསོའི་དངུལ་གྱི་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ། དེ་གཞི་རྩའི་རྒན་གསོའི་འགན་བཅོལ་དང་ཁེ་ལས་ཀྱི་ལོ་དངུལ་ལ་སྦྲེལ་མཐུད་བྱས་ནས། རྒན་གསོའི་འགན་བཅོལ་གྱི་ཁ་གསབ་བྱེད་ནུས་མངོན་འགྱུར་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིས་ཁི་ཆང་དང་ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།

ཀྲུང་དབྱང་ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ཕྱུག་ལོས་བསྒྱུར།