ཝང་ཧུའུ་ཉིང་གིས་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ཆེན་པོས་རིག་རྩལ་གྱི་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
2021.12.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 21

ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་སྐབས་བཅུ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཚེས་བཅུ་བདུན་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད།

ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་སྐབས་བཅུ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཚེས་བཅུ་བདུན་ཉིན་པེ་ཅིང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། འགན་འཁྲི་དང་ལས་འགན་ལ་དམིགས་ནས་རིག་གནས་རང་རྟོན་ཇེ་བརྟན་དུ་བཏང་སྟེ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ཆེན་པོས་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་རྒྱལ་ཁབ་བསྐྲུན་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཝང་ཧུའུ་ཉིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ང་། ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་བཅུ་པ་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་སྟེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་སྤེལ་གྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་དུ་རྩོམ་རིག་སྒྱུ་རྩལ་བྱ་བས་བཏོན་པའི་ནུས་པ་གལ་ཆེན་ལ་ཕྱིར་ལྟ་གནང་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ་རིག་རྩལ་འཐབ་ཕྱོགས་ཀྱིས་བླངས་པའི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་ཅིང་། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་རིག་རྩལ་བྱ་བའི་ཕྲག་ཏུ་བབས་པའི་འགན་འཁྲི་གལ་ཆེན་རྒྱས་བཤད་ཟབ་མོ་གནང་སྟེ། རིག་རྩལ་ལས་དོན་གྱི་ཡུན་རིང་གི་གོང་འཕེལ་དང་འབྲེལ་བའི་གནད་དོན་གལ་ཆེན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་པ་དེས། མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་ལྟ་བ་ཕུན་སུམ་ཇེ་ཚོགས་སུ་གོང་འཕེལ་དུ་བཏང་ནས། རིག་རྩལ་བྱ་བ་བཟང་པོར་སྒྲུབ་པར་རྩ་བའི་བསྲུང་བྱ་འདོན་སྤྲོད་བྱས་ཡོད་པས། ང་ཚོས་དེར་སློབ་སྦྱོང་ནན་མོ་བྱས་ཏེ་གོ་བ་ལེན་དགོས་པ་དང་དེ་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་དུ། རིག་རྩལ་ཐད་སྔར་ལས་ཀྱང་རིན་ཐང་ཁྲིད་སྟོན་ནུས་ཤུགས་དང་རིག་གནས་གཅིག་དྲིལ་ནུས་ཤུགས། སྙིང་སྟོབས་སྐུལ་འདེད་ནུས་ཤུགས་བཅས་འདོན་སྤྲོད་བྱེད་དགོས། སྔར་ལས་རང་རྟོགས་ཀྱིས་དུས་རབས་དང་མི་དམངས་ལ་ལོ་རྒྱུས་ཀྱི་དེབ་ཐེར་གསར་པ་འབྲི་བ་དང་། མི་དམངས་ལྟེ་བ་ཡིན་པའི་གསར་རྩོམ་གྱི་ཁ་ཕྱོགས་བཙུགས་ནས། ཏང་གི་བསྟོད་གླུ་འབུལ་བ་དང་མེས་རྒྱལ་ལ་བསྟོད་གླུ་འབུལ་བ། མི་དམངས་ལ་བསྟོད་གླུ་འབུལ་བ། དཔའ་བོར་བསྟོད་གླུ་འབུལ་བ་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་སྔར་ལས་མང་པོ་རྩོམ་དགོས། སྔར་ལས་རང་རྟོགས་ཀྱིས་རྩ་བ་བསྐྱེད་ཅིང་བླ་སྲོག་བསྐྲུན་པའི་རིག་གནས་ཀྱི་འགན་འཁྲི་ཁུར་དུ་བླངས་ནས། སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བས་རིག་རྩལ་གསར་རྩོམ་ཐོན་སྐྱེད་ལ་ཁྲིད་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རླབས་ཆེན་ཏང་འཛུགས་སྙིང་སྟོབས་འབྱུང་རྩ་ཡིན་པའི་ཀྲུང་གོ་གུང་ཁརན་ཏང་མིའི་སྙིང་སྟོབས་མ་ལག་དར་སྤེལ་ཆེན་པོ་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་དགོས། སྔར་ལས་རང་རྟོགས་ཀྱིས་རིག་རྩལ་གྱི་དག་སྲུང་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། རིག་རྩལ་གྱི་གསར་རྩོམ་ནུས་པ་ཇེ་ཆེར་བཏང་ནས། འཛམ་གླིང་གིས་ཁས་ལེན་པའི་ཀྲུང་ཧྭའི་རིག་གནས་སྣང་བརྙན་སྔར་ལས་མང་པོ་བསྐྲུན་དགོས། སྔར་ལས་རང་རྟོགས་ཀྱིས་སྤྱོད་ཡོན་གཉིས་ལྡན་ལ་བསྙེག་པ་དང་། རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་སྤུས་ཚད་གཙིགས་སུ་འཛིན་པ་དང་གཤིས་བཟང་གཙིགས་སུ་འཛིན་པ། འགན་འཁྲི་གཙིགས་སུ་འཛིན་པར་ཁྲིད་སྟོན་བྱས་ཏེ། དུས་ནམ་ཡང་སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་བཞག་སྟེ། ལས་རིགས་ཀུན་སྤྱོད་དང་སྤུས་ཚད་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས། རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་པ་དང་། རིག་རྩལ་བྱ་བ་སྒྲུབ་མཁན་གྱི་བསམ་བློ་ཆབ་སྲིད་ཁྲིད་སྟོན་ལ་ཤུགས་སྣོན་པ། རིག་རྩལ་ཁྱབ་ཁོངས་ཀྱི་ལས་རིགས་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་པ་བཅས་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝོང་ཁུན་མེན་ཚོགས་འདུར་ཞུགས།

ཕྱུག་ལོས་བསྒྱུར།