ཝང་ལི་མེན་གྱིས་ཉིས་སྟོང་ཉེར་གཅིག་ལོའི་མཚོ་སྔོན་གྱི་ཁེ་ལས་བཟང་གྲས་ལྔ་བཅུའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཁེ་ལས་ཚོང་རའི་གཙོ་གཞིའི་ནུས་པ་འདོན་སྤེལ་བྱེད་པ་དང་སྔར་ལས་ལྷག་པའི་རི་ཐང་སྐྲུན་པ་དང་སྔར་ལས་ལྷག་པའི་ནུས་པ་འདོན་དགོས་ཞེས་ནན་གྱིས་བསྟན།
2021.12.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། ཉིས་སྟོང་ཉེར་གཅིག་ལོའི་མཚོ་སྔོན་གྱི་ཁེ་ལས་བཟང་གྲས་ལྔ་བཅུའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལི་མེན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་པ་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝུའུ་ཧའེ་ཁུན་གྲོས་ཚོགས་ལ་ཞུགས།

ཝང་ལི་མེན་གྱིས་བསྟན་དོན། མཚོ་སྔོན་གྱི་ཁེ་ལས་བཟང་གྲས་ལྔ་བཅུའི་ཨང་རིམ་དེ་རང་རེའི་ཞིང་ཆེན་གྱི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཕྱོགས་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཀྱང་ཡིན། ཉིས་སྟོང་ཉེར་གཅིག་ལོར་ཞིང་ཆེན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དོན་འཁྱོལ་ནན་མོ་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཉེན་ཁ་དང་འགྲན་རྩོད་ཅི་རིགས་ལ་ཁ་གཏད་ནས་རིམས་ནད་འགོག་སྡོམ་དང་བཟོ་ལས་དང་ཐོན་སྐྱེད་སླར་གསོ་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས་གཏན་འཇགས་དྲུག་དང་འགན་སྲུང་དྲུག་ལེགས་པར་སྒྲུབ་ནས་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་མུ་མཐུད་དུ་བདེ་ཐང་ངང་འཕེལ་རྒྱས་འགྲོ་བར་བྱས་རྗེས་བཞག

ཝང་ལི་མེན་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྡེ་ཁག་སོ་སོས་རང་འགུལ་སྒོས་གནད་ཁེལ་ཞབས་ཞུ་འདོན་སྤྲོད་བྱས་ནས་མུ་མཐུད་དུ་ཚོང་ར་རང་བཞིན་དང་ཁྲིམས་སྐྱོང་རང་བཞིན། རྒྱལ་སྤྱིའི་རང་བཞིན་གྱི་ཚོང་གཉེར་ཁོར་ཡུག་སྐྲུན་དགོས། ཁེ་ལས་པས་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་དང་དཔལ་འབྱོར་རྣམ་པ་བཞི་ལ་དམིགས་ནས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་དང་ཨང་ཀི་ཅན་ལ་རིམ་སྒྱུར་བྱེད་པ། ལྗང་མདོག་ཐཱན་ཉུང་ལ་རིམ་སྒྱུར་བྱེད་པར་ཤུགས་བསྣན་ནས་ཁེ་ལས་ཇེ་རྒྱས་ཇེ་ལེགས་སུ་བཏང་ནས་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་དགོས། ལས་གཉེར་རྒྱ་བསྐྱེད་པ་དང་མཉམ་དུ་ཕྱུག་པོར་འགྱུར་བ་སོགས་ཀྱི་ཐད་བློ་གྲོས་དང་སྟོབས་ཤུགས་འབུད་དགོས། དངུལ་ཁང་ལས་རིགས་ཀྱི་དངུལ་རྩ་ལས་ཁུངས་དང་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱིས་སྤྱི་ཡོངས་ལ་དམིགས་ནས་དངུལ་རྩའི་ཚོང་གཉེར་ཁོར་ཡུག་ལེགས་པོ་སྐྲུན་པ་དང་ཁེ་ལས་འཕེལ་རྒྱས་ལ་རོགས་འདེགས་བྱས་ནས་ཞབས་ཞུར་བརྩེ་བས་ཕྱུག་ཅིང་ལྟ་སྐུལ་དོ་དམ་ལ་དྲོད་ཁོལ་འཛོམས་པར་བྱ་དགོས།

མི་ཕམ་མགོན་པོས་བསྒྱུར།