མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་པ་ཟི་ལིང་ནས་བསྡུས།
2021.12.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 9

ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་དྲུག་པ་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲའོ་ཡའེ་ཞ་ཡིས་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་ཤིས་ཚིག་ཕུལ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཧོང་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཧའེ་དབྱིན་གཉིས་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་ལྔ་བའི་ཚུན་གྱི་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱི་བྱ་བའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཚན་རིག་ལས་རིགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་། རྩོམ་རིག་སྒྱུ་རྩལ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་དང་བརྒྱ་ལོ་གཉིས་ཀྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། གཞུང་ལུགས་གསར་གཏོད་དང་བརྗོད་གཞི་ཞིབ་འཇུག རིག་གཞུང་བརྗེ་རེས། སྲིད་གཞུང་གི་ཐབས་ཇུས་ཐད་བློ་འདོན་ཇུས་འབུལ་བྱེད་པ། སྤྱི་ཚོགས་ཚན་རིག་ཁྱབ་གདལ་དང་རང་སྟེང་འཛུགས་སྐྲུན་སོགས་ཕྱོགས་ནས་གྲུབ་འབྲས་ལྡན་པའི་བྱ་བ་མང་པོ་བསྒྲུབས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་ཐབས་ཇུས་འདོན་པའི་ཐད་ཤུགས་ཡོད་པའི་རིག་ནུས་ཀྱི་རྒྱབ་སྐྱོར་འདོན་སྤྲོད་བྱས་པ་དང་། རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱ་སྙིང་སྟོབས་སྟོབས་ཤུགས་གཅིག་ཏུ་བསྡུ་བའི་ཐད་བྱས་རྗེས་ཆེན་པོ་བཞག་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དཔྱིས་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་ཟབ་མོ་བྱེད་པ། ཟུང་འབྲེལ་མཉམ་བསྲེས་བྱེད་པ་དམ་འཛིན་བྱེད་པ། ཞིབ་འཇུག་དང་འགྲེལ་བཤད་ལ་ཤུགས་བསྣན་ནས། མར་ཁེ་སི་རིང་ལུགས་ཀྱི་མཛུབ་སྟོན་གོ་གནས་སྲ་བརྟན་དུ་གཏོང་བའི་སྟེང་འགན་འཁྲི་གསར་བ་ལག་བསྟར་བྱེད་དགོས། བྱ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། བསམ་བློའི་མཛོད་དང་རིག་མཛོད་ཀྱི་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ། གཞུང་ལུགས་གལ་ཆེན་དང་དངོས་ཡོད་གནད་དོན་ལ་ཞིབ་འཇུག་བྱེད་པའི་སྟེང་གྲུབ་འབྲས་བཟང་བོ་ལེན་དགོས། གསར་གཏོད་ཀྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་པ་དང་། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་གི་གསར་གཏོད་བཟོ་སྐྲུན་ལག་བསྟར་ཟབ་མོ་བྱས་ནས། མཚན་ཉིད་རིག་པའི་སྤྱི་ཚོགས་ཚན་རིག་འཕེལ་རྒྱས་སུ་གཏོང་བའི་ནུས་པ་མཐོར་འདེགས་གཏོང་བའི་སྟེང་གྲུབ་འབྲས་གསར་བ་ལེན་དགོས། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ། རིག་གཞུང་ཁོར་ཡུག་བཟང་བོ་བསྐྲུན་ནས། སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཟམ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་བྱེད་པའི་སྟེང་ཁག་ཁུར་གསར་བ་མངོན་པར་བྱེད་པ་དང་། གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཉི་ཤུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཚོགས་ཐོག་ནས་སྐབས་གསར་བའི་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་བདམས་པ་དང་། ཀྲའོ་ཡའེ་ཞ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྐབས་དྲུག་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུ་བདམས།

རིན་ཆེན་མཚོས་བསྒྱུར།