དབྱང་ཧྥིན་ཁྲུན་གྱིས་མཚོ་སྔོན་སློབ་ཆེན་དུ་བསམ་བློ་ཆབ་སྲིད་སློབ་ཁྲིད་བྱས།
2021.12.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་མཚོ་སྔོན་སློབ་ཆེན་དུ་སོང་ནས་བསམ་བློ་ཆབ་སྲིད་སློབ་ཁྲིད་བྱས་པར་མ་ཟད་རྟོག་ཞིབ་བྱས། རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་སློབ་གསོ་བྱེད་ཕྱོགས་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཀུན་སྤྱོད་འཛུགས་པ་དང་མི་སྐྱོང་བའི་རྩ་བའི་ལས་འགན་ལག་བསྟར་བྱེད་པ། མུ་མཐུད་དུ་འབད་འཐབ་བྱེད་པ་དང་ལག་ལེན་ཐད་ཞབས་འདེགས་ཞུས་ནས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་ཐད་ཤེས་ལྡན་མི་སྣའི་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

དབྱང་ཧྥིན་ཁྲུན་གྱིས་སློབ་ཁྲིད་བྱེད་སྐབས། དུས་རབས་གཅིག་གི་དྲི་བ་དང་གཏན་ཁེལ་གཉིས། ལོ་རྒྱུས་རང་བཞིན་གྱི་མཆོང་བསྐྱོད་ཐེངས་གསུམ་པ། རླབས་ཆེན་གྱི་གྲུབ་འབྲས་བཞི། ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྔ། ཕྱོགས་དྲུག་གི་བརྟག་ཐབས་སྨྲ་བ་དང་ཕྱོགས་བདུན་གྱི་ནང་དོན་གཙོ་བོ། ལོ་རྒྱུས་ཀྱི་ཉམས་མྱོང་ཆེན་པོ་བཅུ་བཅས་ཐད་ནས་གྲོས་ཆོད་ལ་འགྲེལ་ཀློག་བྱས། ཁོས་བཤད་རྒྱུར། སློབ་གྲྭ་ཡོངས་ཀྱི་དགེ་སློབ་ཚོས་རང་རྟོགས་སྒོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་པ་དང་། ལོ་རྒྱུས་ཀྱི་འཕེལ་རྒྱས་ཁྲོད་དགོངས་དོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ལོ་རྒྱུས་བསླབ་ནས་གནས་ལུགས་རྟོགས་པ་དང་ལོ་རྒྱུས་བསླབ་ནས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ལོ་རྒྱུས་བསླབ་ནས་ཀུན་སྤྱོད་འཛུགས་པ། ལོ་རྒྱུས་བསླབ་ནས་ལག་བསྟར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

དབྱང་ཧྥིན་ཁྲུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན་པ་དེས། རང་ཞིང་གི་གནས་སྐོར་ལས་རིགས་ཀྱི་རྩ་བའི་རང་བཞིན་གྱི་བསྐྱར་འཛུགས་མངོན་འགྱུར་བྱེད་པའི་ཐད་ཁ་ཕྱོགས་གསལ་བོ་བསྟན་པ་དང་གོ་སྐབས་གལ་ཆེན་འདོན་སྤྲོད་བྱས། ལངས་གནས་མཐོན་པོ་དང་ས་ཁོངས་ཀྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པར། ང་ཚོ་ཡིད་ཆེས་ཡོད་པ་དང་རྨང་གཞི་ལྡན་ལ། དམིགས་འབེན་དང་བྱེད་ཐབས། འགན་སྲུང་ཡོད། མཚོ་སྔོན་སློབ་ཆེན་གྱིས་རང་སྟེང་གི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། སྐྱེ་ཁམས་གནས་སྐོར་གྱི་ཆེད་མཁས་པའི་རིག་མཛོད་འཛུགས་པ་དང་སྐྱེ་ཁམས་གནས་སྐོར་ཆེད་ལས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། མཐོ་རིམ་སྐྱེ་ཁམས་གནས་སྐོར་བསླབ་ཚན་འཛུགས་སྐྲུན་བྱེད་པ་བཅས་ཕྱོགས་ནས། རང་ཞིང་གིས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་ཐད་ཤེས་ལྡན་མི་སྣའི་རིག་སྟོབས་ཀྱི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།