རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུ་རྒྱལ་ཡོངས་ཀྱི་རིམས་ནད་གནས་ཚུལ་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་ཡོད་ཅེས་བཤད།
2021.12.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 94

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་སྡོམ་ལམ་སྲོལ་གྱིས་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ནས། ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་སྒོ་ནས་ལུགས་གསར་དང་ལུགས་རྙིང་དུས་ཆེན་སྐབས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས།

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ངོ་སྤྲོད་བྱས་པ་ལྟར་ན། མིག་སྔར་གོ་ལ་ཧྲིལ་པོར་པྲོག་གསར་གློ་ཚད་བྱུང་བའི་ནད་པ་གཟའ་འཁོར་བརྒྱད་ཀྱི་རིང་ལ་བསྟུད་མར་མང་དུ་ཕྱིན་པ་དང་། རྒྱལ་ཁབ་དང་ས་ཁུལ་དོན་བདུན་གྱིས་ཨའོ་མིས་ཁི་རུང་གཞན་འགྱུར་ནད་བྱུང་ཡོད་པའི་སྙན་ཞུ་ཕུལ་བར་བརྟེན། རང་རྒྱལ་ལ་མཚོན་ན་ཕྱིའི་རིམས་ནད་ནང་དུ་མི་མཆེད་པར་བྱེད་པའི་གནོན་ཤུགས་སྔར་ལས་ཆེ་རུ་ཕྱིན། མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་གནས་ཚུལ་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་། སྔར་བཞིན་ས་ཁུལ་ཁ་ཤས་སུ་མཆེད་ཀྱིན་པ་དང་གཞི་ཁྱོན་གཅིག་འདུས་རང་བཞིན་གྱི་མཉམ་གནས་ཁྱད་ཆོས་མངོན་བཞིན་ལྡན། མཁའ་འགྲུལ་འགག་སྒོ་དང་སྐམ་སའི་འགག་སྒོ་ནི་རིམས་ནད་ཀྱི་བརྒྱུད་ལམ་གཙོ་བོ་ཡིན་ལ། ས་ཁོངས་ཕྱི་ནས་ནང་དུ་མཆེད་པའི་ནད་གཞི་དང་དེ་འབྲེལ་གྱི་དངོས་ཟོག་འཁོར་རྒྱུག འཁྱགས་གཤིས་སུ་གཏོགས་པའི་བཟའ་བཅའ་བཅས་ནི་རིམས་ནད་ཀྱི་མཆེད་ཁུངས་གཙོ་བོ་རེད།

ལུགས་གསར་དང་ལུགས་རྙིང་གི་དུས་ཆེན་སླེབས་ལ་ཉེ་བས། དགུན་དཔྱིད་གཉིས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད། “འགུལ་རྣམ་གཙང་གསལ”གྱི་སྤྱིའི་བྱེད་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། ཚན་རིག་དང་མཐུན་པའི་ངང་གནད་འཁེལ་ཡོང་བར་ཤུགས་སྣོན་རྒྱག་དགོས། ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཁྲིད་སྟོན། ས་ཁུལ་དབྱེ་ནས་སྲིད་ཇུས་ལག་བསྟར་བཅས་བྱས་ཏེ། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱེད་དགོས་པའི་དུས་མཚུངས་སུ། མི་སྣའི་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕར་འགྲོ་ཚུར་འོང་ཐུབ་པར་འགན་ལེན་བྱེད་དགོས།

དམངས་སྤྱོད་མཁའ་འགྲུལ་ཅུའུ་ཡིས་འབྲེལ་ཡོད་ལས་ཁུངས་སོ་སོས་དུས་དང་རྣམ་པ་ཀུན་ཏུ་རྒྱལ་ནང་གི་རིམས་ནད་གནས་ཚུལ་གྱི་འགུལ་རྣམ་འགྱུར་ལྡོག་ལ་དོ་ཁུར་བྱས་ནས། ཡོང་སའི་ཡུལ་དང་ཐོན་སའི་ཡུལ་གྱི་སྲིད་གཞུང་གི་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་ནས། བདེ་ཐང་ཨང་བཤེར་དང་ཉིང་སྐྱུར་བརྟག་དཔྱད་ཚད་ལེན་སྲིབས་གཤིས་ངོ་སྤྲོད་སོགས་ཀྱི་ལས་དོན་ལ་ཞིབ་དཔྱད་ཚད་ལེན་དང་གཞོགས་འདེགས་བྱེད་དགོས་པའི་བླང་བྱ་བཏོན། སྐྱེལ་འདྲེན་ནུས་པ་སྔར་ལས་ཇེ་ལེགས་སུ་བཏང་ནས། གུང་གསེང་སོགས་འགྲུལ་པ་འགྲོ་འོང་བྱེད་ཚད་ཆེས་མང་བའི་དུས་ཀྱི་དུས་གཏན་གནམ་གྲུའི་དགོས་མཁོ་སྐོང་གང་ཐུབ་བྱེད་དགོས།

རྒྱལ་ཁབ་ལྕགས་ལམ་སྡེ་ཚོགས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་ཏེ་སྔོན་དཔག་བྱས་པ་ལྟར་ན། ལུགས་རྙིང་ལོ་སར་སྐབས་དགོས་ངེས་ཀྱི་ལྕགས་ལམ་འགྲིམ་འགྲུལ་ཞབས་ཞུ་རྒྱུན་འཁྱོངས་ནུས་ལྡན་བྱས་ཏེ། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཉིས་སྟོང་ཉེར་གཅིག་ལོའི་ལུསག་རྙིང་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་ལས་ཅུང་མང་དུ་འགྲོ་ངེས་པ་དང་། ལྕགས་ལམ་སྡེ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལུགས་རྙིང་གི་སྐྱེལ་འདྲེན་རྩ་འཛུགས་ལས་དོན་ལ་གཅིག་གྱུར་བཀོད་སྒྲིག་གང་ལེགས་བྱས་ནས། རྒྱ་ཆེ་བའི་འགྲུལ་པ་ཚོར་བདེ་འཇགས་དང་བདེ་ཐང་གི་འགྲོ་འོང་ཁོར་ཡུག་བཟང་བོ་བསྐྲུན་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།