ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་བདུན་པའི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་འདེམ་བསྐོའི་བྱ་འགུལ་བདེ་བླག་ངང་སྤེལ། 
2021.12.20 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 41

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་བདུན་པའི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་འདེམ་བསྐོའི་བྱ་འགུལ་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན་སྤེལ་བ་དང་། དེ་ནི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་འདེམ་བསྐོའི་ལམ་ལུགས་འཐུས་ཚང་དུ་བཏང་རྗེས་ཀྱི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་འདེམ་བསྐོའི་བྱ་འགུལ་ཐོག་མ་རེད། 

འདེམ་ཤོག་འཕེན་པའི་བྱ་འགུལ་དེ་སྔ་དྲོའི་དུས་ཚོད་བརྒྱད་དང་ཕྱེད་ཀའི་སྟེང་ནས་དགོང་མོའི་དུས་ཚོད་བཅུ་དང་སྐར་མ་སུམ་ཅུའི་བར་རྒྱུན་བསྲིངས། ས་ཁུལ་སོ་སོར་སྤྱིར་བཏང་གི་འདེམ་ཤོག་འཕེན་ས་དྲུག་བརྒྱ་དང་སུམ་ཅུ་ཙམ་དང་ཆེད་སྤྱོད་འདེམ་ཤོག་འཕེན་ས་ཉེར་བཞི་བཀོད་སྒྲིག་བྱས་ཡོད། སྐབས་གསར་བའི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་དེ་གྲོས་མི་དགུ་བཅུ་ཡིས་གྲུབ་ཡོད། དེའི་ནང་འདེམ་བསྐོའི་ཨུ་ཡོན་ལྷན་ཁང་གིས་འདེམ་བསྐོ་བྱེད་པའི་གྲོས་མི་བཞི་བཅུ་དང་བྱེད་ནུས་ཚོགས་ཁག་གིས་འདེམ་བསྐོ་བྱེད་པའི་གྲོས་མི་སུམ་ཅུ། ཡན་ལག་ས་ཁུལ་གྱིས་ཐད་ཀར་འདེམ་བསྐོ་བྱེད་པའི་གྲོས་མི་ཉི་ཤུ་བཅས་འདུས། 

རིམས་ནད་ཀྱི་ཤུགས་རྐྱེན་ལ་བསམ་བློ་བཏང་སྟེ། ཞང་ཀང་བའི་འདེམ་ཤོག་འཕེན་པའི་ཁེ་དབང་ལ་འགན་སྲུང་བྱེད་ཆེད། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གིས་ཞང་ཀང་དང་ཧྲིན་ཀྲིན་གྱི་མཐའ་མཚམས་དོ་དམ་ས་ཚིགས་ཀྱི་ཞང་ཀང་ཕྱོགས་སུ་འདེམ་ཤོག་འཕེན་ས་ཞིག་བཀོད་སྒྲིག་བྱས་ཏེ། ནང་ལོགས་སུ་ཡོད་པའི་ཞང་ཀང་གི་འདེམ་དམངས་ཕྱིར་ཞང་ཀང་དུ་ལོག་ནས་འདེམ་ཤོག་འཕེན་པར་སྟབས་བདེ་བཟོས་ཡོད། 

ཞང་ཀང་གི་ལས་རིགས་སོ་སོའི་མི་སྣས་བསྟན་དོན། འདེམ་བསྐོའི་ལམ་ལུགས་གསར་བ་ལས་སྣང་ཚུལ་གསར་བ་བྱུང་ཡོད་ལ། སྐབས་གསར་བའི་ཁྲིམས་འཛུགས་ཨུ་ཡོན་ལྷན་ཁང་གི་གྲོས་མིས་དམིགས་བསལ་ས་ཁུལ་གྱི་སྲིད་གཞུང་གིས་ཕན་ནུས་ལྡན་པར་སྲིད་སྐྱོང་བར་སྐུལ་འདེད་གཏོང་ཐུབ་པར་ཡིད་ཆེས་ཡོད་ཟེར། 


བསོད་ནམས་ཚེ་རིང་གིས་བསྒྱུར།