ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་འཚོགས།
2021.12.20 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 54

ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན། ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་གྲོས་ཚོགས་ཟི་ལིང་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་འཛིན་པ་དང་། ཤུགས་ཆེན་པོས་རྒྱལ་གཅེས་རིང་ལུགས་སྲོག་ཤིང་ཡིན་པའི་མི་རིགས་སྙིང་སྟོབས་དང་བཅོས་སྒྱུར་གསར་སྐྲུན་སྲོག་ཤིང་ཡིན་པའི་དུས་རབས་སྙིང་སྟོབས་དར་སྤེལ་བྱེད་པར་མ་ཟད། དུས་རབས་གསར་བའི་མཚོ་སྔོན་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་སྤྱི་བསྡོམས་གཏམ་བཤད་སྤེལ། ཞིང་ཆེན་གྱི་འགོ་ཁྲིད་པ་རྡོ་རྗེ་རབ་བརྟན་དང་ལིས་ཅེ་ཞང་། ཡུས་ཚོང་ལི། དབྱིན་པད། ཁྲིན་རོས་ཧྥིན། བང་ལིས་མེན། ཀྲའོ་ཡེའོ་ཞ། མ་ཝེ། དབྱང་ཧྥིན་ཁྲོན། དབྱང་ཀྲི་ཝུན། ཀྲང་ཙི་ཅུན། ཁྲ་ཆིན་ཅིག་བཅས་གྲོས་ཚོགས་ལ་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ནི་ལམ་ཚད་རྡོ་རིང་གི་དོན་སྙིང་གལ་ཆེན་ལྡན་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་དུས་རབས་གསར་བའི་མི་རིགས་བྱ་བ་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་སྤེལ་བྱེད་པའི་མཛུབ་སྟོན་བསམ་བློ་དང་འཐབ་ཇུས་དམིགས་འབེན། ལས་འགན་གལ་ཆེན། སྲིད་ཇུས་དང་བྱེད་ཐབས་བཅས་གསལ་བོར་བཏོན་ཡོད་པ་དང་། ཚན་རིག་དང་མཐུན་པར་དུས་རབས་གསར་བའི་མི་རིགས་བྱ་བས་ལངས་ཕྱོགས་གང་ཞིག་འཛིན་པ་དང་ལམ་གང་ཞིག་ཏུ་བསྐྱོད་པ་སོགས་གནད་དོན་གལ་ཆེན་ལ་ལན་བཏབས་ནས། དུས་རབས་གསར་བའི་མི་རིགས་བྱ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་བོར་བསྟན་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ཏེ། ཁ་ཕྱོགས་གསར་བ་གསལ་བོར་ཤེས་པར་བྱེད་པ་དང་གཙོ་ཐིག་གསར་བ་གཅིག་སྡུད་བྱེད་པ། རེ་བ་གསར་བ་ལག་བསྟར་བྱེད་པ། ལས་འགན་གསར་བ་དངོས་འབེབས་བྱེད་པ། རྩ་དོན་གསར་བ་རྒྱུན་འཁྱོངས་བྱེད་དགོས་ལ། རང་རྟོགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་བརྟེན་ནས་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་སྤེལ་བྱེད་པར་མ་ཟད། དཀའ་སྤྱད་འབད་འཐབ་སྒོས་དུས་རབས་གསར་བའི་མི་རིགས་བྱ་བའི་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས།

ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་བྱ་བའི་འཐབ་ཕྱོགས་ཀྱི་བློ་མཐུན་དང་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ལས་རིགས་སོ་སོའི་མི་སྣ་ཡོངས་ལ་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཆེ་ཞུས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་དགོངས་པ་གལ་ཆེན་ནི་མི་རིགས་གནད་དོན་ལ་ལྟ་ཞིབ་བྱེད་པའི་ཤེས་རྟོགས་རྣམ་བཤད་ཡིན་ལ། མི་རིགས་བྱ་བ་བཟང་བོར་བསྒྲུབ་པའི་བྱེད་ཐབས་རྣམ་བཤད་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་རིགས་གཞུང་འཛུགས་སྐྲུན་བྱེད་པའི་མཆོང་བསྐྱོད་ཆེན་པོ་ཞིག་ཀྱང་ཡིན་པས། ལོ་རྒྱུས་དང་དངོས་ཡོད་བྱང་ཆུབ་པར་བྱེད་པ་དང་རྒྱལ་སྤྱི་དང་རྒྱལ་ནང་འབྲེལ་མཐུད་བྱེད་པ། རིགས་གཞུང་དང་ལག་ལེན་ཟུང་འབྲེལ་བྱེད་པའི་མཐོ་ཚད་ནས། ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་དགོངས་པ་དེའི་ཕུན་སུམ་ཚོགས་པའི་ནང་དོན་དང་སྲོག་ཤིང་གི་ལས་དོན་ཆེན་པོ། བསམ་བློའི་ངོ་བོ། ལག་ལེན་རེ་བ་བཅས་ཁོང་དུ་ཆུད་པར་བྱེད་པ་དང་ལག་བསྟར་ནན་མོ་བྱེད་པར་མ་ཟད། དུས་རབས་གསར་བའི་མི་རིགས་བྱ་བ་བཟང་བོར་བསྒྲུབ་པའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་དགོས།

ཝང་ཅན་ཅུན་གྱིས་བསྟན་དོན། འཕེལ་རྒྱས་སྲ་བརྟན་དུ་གཏོང་བ་ནི་དངོས་པོའི་རྨང་གཞི་ཡིན་ལ། མཐུན་སྒྲིལ་གཅིག་སྡུད་བྱེད་པ་ནི་བསམ་བློའི་སྟོབས་ཤུགས་ཡིན། དངོས་པོར་རྨང་གཞི་ཡོད་པ་དང་བསམ་བློར་སྟོབས་ཤུགས་ལྡན་ན་མི་རིགས་བྱ་བ་བཟང་བོར་བསྒྲུབ་པར་ནུས་པ་ཡོད། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ནས་མི་རིགས་བྱ་བ་མ་བཟུང་ན་ཁྱོན་ཡོངས་ཀྱི་བྱ་བ་འཛིན་ཐབས་མེད་ཅེས་པའི་མཛུབ་སྟོན་གལ་ཆེན་གནང་བ་ཡིད་ལ་དམ་པོར་བཅངས་ཏེ། ཞིང་ཆེན་གྱི་གནས་ཚུལ་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བའི་གཙོ་ཐིག་དང་དམ་པོར་སྦྲེལ་དགོས་ལ། དུས་རབས་གསར་བའི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཅིག་གྱུར་སྒོས་འཆར་འགོད་དང་སྐུལ་འདེད་གཏོང་དགོས། ཏང་གིས་མི་རིགས་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་པར་སྔར་ལས་ཤུགས་བསྣན་ཏེ། མི་རིགས་བྱ་བའི་སྒྲིག་སྲོལ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་མི་རིགས་བྱ་བའི་སྒྲིག་གཞི་དང་སྟོབས་ཤུགས་འཛུགས་སྐྲུན་ལ་ཤུགས་སྣོན་ཞིང་མི་རིགས་ཆོས་ལུགས་རིགས་གཞུང་ཤེས་བྱའི་གསོ་སྦྱོང་ལ་ཤུགས་སྣོན་པ་དང་། མི་རིགས་བྱ་བ་བཟང་བོར་བསྒྲུབ་པའི་ནུས་པ་ཇེ་ཆེར་བཏང་ནས། ཏང་གིས་མི་རིགས་ས་ཁུལ་དུ་སྲིད་སྐྱོང་བའི་གཞི་རྩ་སྔར་ལས་སྲ་བརྟན་དུ་གཏོང་དགོས།  བློ་བརྟན་འགྱུར་མེད་སྒོས་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ལ་བརྟེན་ནས་མི་རིགས་ས་ཁུལ་གྱི་གནད་དོན་ཡོད་ཚད་ཐག་གཅོད་པའི་བྱེད་ཐབས་གལ་ཆེན་ལག་བསྟར་བྱེད་པ། དམངས་ཚིས་ཁྱབ་ཁོངས་ཀྱི་ཞན་ཆ་མྱུར་དུ་ཁ་གསབ་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱི་མཛེས་པའི་འཚོ་བར་བཅངས་པའི་རེ་བ་ཡོངས་སུ་སྐོང་དགོས། སྐྱེ་ཁམས་ཐོག་མར་དམ་འཛིན་བྱེད་པ་དང་སྲུང་སྐྱོབ་ཐོག་མར་དམ་འཛིན་བྱེད་པ། གྲོན་ཆུང་ཐོག་མར་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་གཏོང་དགོས། རྒྱུན་མཐུད་སྒོས་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་བཟང་བོ་བྱས་ཏེ། གཙོ་བོ་ནང་དོན་ཕུན་སུམ་ཚོགས་པར་གཏོང་བ་དང་རྣམ་པ་ཇེ་མང་དུ་གཏོང་བ། བྱེད་ཐབས་གསར་སྐྲུན་བྱེད་དགོས་ལ། གསར་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོབ། དམངས་ཚིས་ལེགས་བཅོས། ཆོས་ལུགས་དོ་དམ། སྤྱི་ཚོགས་བརྟན་འཇགས་བཅས་ཕན་ཚུན་བར་གཞོགས་འདེགས་བྱེད་པར་སྐུལ་འདེད་བཏང་ནས། གསར་སྐྲུན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་རྒྱང་རིང་གི་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཧུར་ཐག་སྒོས་མི་རིགས་སོ་སོའི་བར་གྱི་འགྲོ་འོང་དང་འབྲེལ་འདྲིས་ཇེ་མང་དུ་འགྲོ་བར་སྐུལ་འདེད་བཏང་སྟེ། མི་རིགས་སོ་སོས་བར་སྟོང་དང་རིག་གནས། དཔལ་འབྱོར། སྤྱི་ཚོགས། སེམས་ཁམས་སོགས་ཕྱོགས་དང་ཁྱོན་ཡོངས་ནས་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་ཞིང་སྡེ་རུ་མཉམ་གནས་དང་མཉམ་སློབ། མཉམ་སྐྲུན། མཉམ་སྤྱོད། མཉམ་སྒྲུབ། མཉམ་སྤྲོ་བྱས་ནས་སེ་འབྲུ་བཞིན་གྱི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོས་རིགས་སོ་སོའི་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱེད་དགོས།

ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱེད་སྐབས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བཟུང་སྟེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་པའི་ལས་འགན་གལ་ཆེན་དམ་འཛིན་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་རེ་བ་ཇི་མ་ཇི་བཞིན་དུ་འགུལ་སྐྱོད་སྟེང་དུ་དངོས་འབེབས་བྱེད་པ་དང་། སེམས་ཤུགས་གཅིག་སྒྲིལ་སྒོས་དུས་རབས་གསར་བའི་རང་ཞིང་གི་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

མགོན་པོ་བཀྲ་ཤིས་ཀྱིས་སྤྱི་བསྡོམས་གཏམ་བཤད་སྤེལ་སྐབས་བཤད་དོན། གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་རྒྱུ་དེ་ཆབ་སྲིད་ལས་འགན་གལ་ཆེན་དུ་འཇོག་པ་དང་གཙོ་ཐིག་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་སྐྲུན་བྱེད་རྒྱུ་དམ་འཛིན་བྱེད་པ་དང་། དགོངས་དོན་གྱི་ངོ་བོ་གསལ་བོར་རྟོགས་པར་བྱེད་པ་དང་། སྲོག་ཤིང་གི་ལས་དོན་གལ་ཆེན་ཁོང་དུ་ཆུད་པར་བྱེད་པ། དམིགས་འབེན་དང་ལས་འགན་གཏན་འཁེལ་གསལ་བོ་བྱེད་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་གཙོ་གཞིའི་འགན་འཁྲི་དང་ལེན་བཟང་བོ་བྱེད་པ། གཟབ་ནན་དང་བརྟན་འཇགས་མདུན་སྐྱོད་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་དང་གནད་འཁེལ། ཚན་རིག་དང་མཐུན་པར་ཀྲུང་དབྱང་གི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་རེ་བ་དངོས་འབེབས་བཟང་བོ་བྱེད་དགོས།

ཚོགས་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་ཐིག་ལ་བརྟེན་ནས་དུས་རབས་གསར་བའི་མཚོ་སྔོན་མི་རིགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་ལག་བསྟར་བསམ་འཆར་ལ་གྲོས་བསྡུར་བྱས་ནས་གྲོས་འཆམ་བྱུང་།

                                                                                                         བཀྲ་ཤིས་འབུམ་གྱིས་བསྒྱུར།