ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་གྲོས་ཚོགས་བསྡུས།
2021.12.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན། ཞིང་ཆེན་ཏང་ཨུའི་འཇོན་མིའི་བྱ་བའི་གྲོས་ཚོགས་ཟི་ལིང་དུ་བསྡུས། གྲོས་ཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་འཇོན་མིའི་བྱ་བའི་སྐོར་གྱི་འདུ་ཤེས་གསར་པ་དང་འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་དང་། ཀྲུང་དབྱང་འཇོན་མིའི་བྱ་བའི་གྲོས་ཚོགས་ཀྱི་བླང་བྱ་དོན་འཁྱོལ་བྱས་ལ། དུས་རབས་གསར་པའི་འཇོན་མིར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཐད་བཀོད་སྒྲིག་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་འཇོན་མིའི་བྱ་བ་སྤུས་ཚད་མཐོན་པོས་གོང་འཕེལ་དུ་འགྲོ་བར་མྱུར་དུ་སྐུལ་འདེད་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འགོ་འཛིན་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་འཇོན་མིའི་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་སྤེལ་གྱི་འཐབ་ཇུས་ཀྱི་མཐོ་ཚད་ནས་འཇོན་མིའི་ལས་དོན་གྱི་འཕེལ་རྒྱས་ཆོས་ཉིད་གསལ་བཀྲོལ་ཟབ་མོ་བྱས་པ་དང་། དུས་རབས་གསར་པའི་འཇོན་མིའི་བྱ་བའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་མཐུན་པར་ལན་བཏབ་ནས། ང་ཚོས་དེང་སྐབས་དང་རྗེས་ཕྱོགས་ཀྱི་དུས་སྐབས་ཤིག་གི་འཇོན་མིའི་བྱ་བ་བཟང་པོར་བསྒྲུབ་པར་བསམ་བློའི་མཚོན་ཆ་སྟོབས་དང་ལྡན་པ་འདོན་སྤྲོད་བྱས་ཡོད་པས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བསམ་བློ་དང་སྦྱོར་བ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཁྲོད་ནས་ཁ་ཕྱོགས་འཚོལ་བ་དང་བསམ་ཕྱོགས་འཚོལ་བ། བྱེད་ཐབས་འཚོལ་བ། དྲིས་ལན་འཚོལ་བ་བཅས་བྱས་ཏེ། ཁ་ཕྱོགས་གསར་པར་དམིགས་པ་དང་། གཏན་ཚིགས་གསར་པ་ཁོང་དུ་ཆུད་པར་བྱེད་པ། ལས་འགན་གསར་པ་དོན་འཁྱོལ་བྱེད་པ། རྣམ་པ་གསར་པ་བསྐྲུན་པ་བཅས་བྱས་ནས་དུས་རབས་གསར་པའི་འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་ཐད་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། འཇོན་མི་ནི་ཐོན་ཁུངས་དང་པོ་དང་རྒྱུ་རྐྱེན་དང་པོ་ཡིན་པས། སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འཇོན་མིའི་བྱ་བར་ཐོག་མཐའ་བར་གསུམ་ཀུན་ཏུ་ཧ་ཅང་མཐོང་ཆེན་བྱས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཇོན་མིའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་མཛུབ་སྟོན་དུ་བཟུང་སྟེ། འཇོན་མིར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་བསྟུད་མར་ལག་བསྟར་བྱས་པ་དང་། འཇོན་མི་ནི་ཐོན་ཁུངས་དང་པོ་ཡིན་པའི་འདུ་ཤེས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་བཏང་ནས། འཇོན་མིའི་བྱ་བའི་སྤུས་ཚད་དང་ཕན་འབྲས་རྒྱུན་མ་ཆད་པར་མཐོར་འདེགས་བྱས་པ་དང་། འཇོན་མིས་འཇོན་ཐང་ངོམ་པའི་སྟེགས་བུ་རྒྱུན་མ་ཆད་པར་བསྐྲུན་ལ། འཇོན་མི་འཚར་ལོངས་འབྱུང་བའི་ཁོར་ཡུག་རྒྱུན་མ་ཆད་པར་ཇེ་ལེགས་སུ་བཏང་ཡོད། མཚོ་སྔོན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་ལས་བྱེད་པའི་གཤིན་ས་ཞིག་ཡིན་ལ། དུས་རབས་གསར་པ་ནི་མཚོ་སྔོན་ཆེས་ཡིད་ཆེས་ཀྱིས་ཁེངས་པའི་དུས་རབས་ཡིན། དུས་རབས་གསར་པའི་འཇོན་མིའི་བྱ་བ་བཟང་པོར་སྒྲུབ་དགོས་ན། ངོས་འཛིན་ཇེ་ཟབ་ཏུ་གཏོང་བ་དང་ཡིད་ཆེས་ཆེན་པོས་ཞན་ཆ་དང་མི་འདང་ས་གསལ་བོར་ཤེས་དགོས་ལ། ཁྱད་སྟོབས་དང་སྦས་ཤུགས་ཀྱང་ཡང་དག་པར་ཁོང་དུ་ཆུད་དགོས། དེ་ལས་ཀྱང་བསམ་བློ་བཅིངས་འགྲོལ་དང་བབ་བསྟུན་མདུན་སྐྱོད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་དུས་རབས་གསར་པའི་མཚོ་སྔོན་གྱི་འཇོན་མིའི་བྱ་བ་སྤུས་ཚད་མཐོན་པོས་གོང་དུ་སྤེལ་བར་ཁྲིད་སྟོན་བྱེད་དགོས། གསར་གཏོད་ལ་བརྟེན་ནས་འཇོན་མིའི་བཅོས་སྐྱོང་ལ་ཁྲིད་སྟོན་བྱེད་དགོས་ཏེ། འཇོན་མིའི་བྱ་བའི་འདུ་ཤེས་གསར་གཏོད་དང་ལམ་ལུགས་གསར་གཏོད། ལག་ལེན་གསར་གཏོད་བཅས་ལ་རྒྱུན་མ་ཆད་པར་སྐུལ་འདེད་བཏང་ནས། འཕེལ་རྒྱས་ཀྱི་ལྟ་བས་འཇོན་མི་ལ་ལྟ་སྟངས་འཛིན་པ་དང་། རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་དགོས་ལ། སྒྲིག་སྲོལ་རྐྱེན་སྲོལ་གྱི་གསར་གཏོད་ལ་བརྟེན་ནས་འཇོན་མིའི་འཕེལ་རྒྱས་ལ་ལམ་སྟོན་བྱས་ཏེ། ལག་ལེན་གྱི་ཁྲོད་དུ་འཇོན་མི་གསར་རྙེད་དང་སྐྱེད་སྲིང་། གཅིག་སྡུད་བཅས་བྱས་ནས། འཇོན་མིའི་བྱ་བར་སྐྱེ་སྟོབས་དང་གསོན་ཤུགས་ཀྱིས་ཁེངས་པར་བྱེད་དགོས། མཐུན་སྦྱོར་ལ་བརྟེན་ནས་འཇོན་མིའི་སྒྲིག་གཞི་ལེགས་སྒྲིག་བྱེད་དགོས་ཏེ། འཇོན་མིའི་འཚར་ལོངས་ཆོས་ཉིད་བརྩི་སྲུང་བྱེད་པ་དང་། མིའི་ཐོག་ཏུ་མ་དངུལ་གཏོང་རྒྱུ་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པའི་ཐབས་ལམ་གལ་ཆེན་དུ་བརྩིས་ནས། འཇོན་མིའི་འཕེལ་རྒྱས་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཉིས་མཉམ་འབྲེལ་དམ་པོ་དང་སྐུལ་ཁྲིད་ལེགས་པོ་ཡོང་བར་སྐུལ་འདེད་བཏང་ནས་མཉམ་སྐྱོད་མཉམ་འཕེལ་ཁྲོད་དུ་གཉིས་རྒྱལ་མངོན་འགྱུར་བྱེད་དགོས། ལྷད་མེད་ལ་བརྟེན་ནས་འཇོན་མིའི་གཤིན་ས་བསྐྲུན་དགོས་ཏེ། མི་ཆོས་ཀྱི་སྐྱེ་ཁམས་དང་འཆམ་མཐུན་གྱི་ཁོར་ཡུག་བཟང་པོ་བསྐྲུན་ནས། མི་ཆོས་ཀྱི་སྐྱེ་ཁམས་ལས་དཀྱེལ་ཡངས་པའི་བློ་རྒྱ་མཚོན་པར་བྱེད་པ་དང་། འཆམ་མཐུན་གྱི་ཁོར་ཡུག་ལས་བསམ་པའི་ཁྱིམ་གཞིས་བསྐྱེད་དེ། རྒྱ་ཆེའི་འཇོན་མི་རྣམས་ཀྱིས་མཚོ་སྔོན་ལ་དགའ་ཞེན་བཅངས་པ་དང་མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་བྱས་རྗེས་འབུལ་བར་སྐུལ་མ་བཏང་སྟེ། འཇོན་མི་རྣམས་ལ་མོས་མཐུན་གྱི་འདུ་ཤེས་དང་ཁོངས་གཏོགས་ཀྱི་འདུ་ཤེས། རང་སྤོབས་ཀྱི་འདུ་ཤེས་སྔར་ལས་མང་དུ་ཡོད་པར་བྱེད་དགོས། དཀྱེལ་ཡངས་ལ་བརྟེན་ནས་འཇོན་མིའི་གསོན་ཤུགས་བསྐྱེད་དགོས་ཏེ། རྨ་འབྲི་རྫ་གསུམ་ཆུ་བོའི་འབྱུང་ཡུལ་གྱི་བློ་ཁོག་དང་། ཁུ་ནུ་རི་བོའི་རྔམ་བརྗིད་ལ་བརྟེན་ནས་འཇོན་མི་ངོས་ཟིན་པ་དང་འཇོན་མིར་གཅེས་པ། འཇོན་མིར་བཀུར་བ། འཇོན་མི་བཀོལ་བ་བཅས་བྱས་ནས། དོན་དམ་པས་འཇོན་མིར་ཡིད་ཆེས་པ་དང་འཇོན་མིར་བརྩི་བཀུར་བྱེད་པ། འཇོན་མིར་ལྟ་སྟངས་ལེགས་པོ་འཛིན་པ། འཇོན་མིར་རྒྱུས་ལོན་བྱེད་པ་བཅས་བྱས་ཏེ། སྔར་ལས་དཀྱེལ་ཡངས་པོ་དང་སྔར་ལས་བློ་རིག་ལྡན་པའི་སྒོ་ནས་འཇོན་མི་བསྡུ་ལེན་བྱེད་དགོས། མཉམ་སྤྱོད་ལ་བརྟེན་ནས་འཇོན་མིའི་ལས་དོན་ཆེ་རུ་བསྒྲུབ་དགོས་ཏེ། ཁྲོམ་རས་འཇོན་མིའི་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཐོན་པའི་ཐག་ཆོད་རང་བཞིན་གྱི་ནུས་པ་ལེགས་པར་འདོན་པ་དང་། སྲིད་གཞུང་གི་ཁྲིད་སྟོན་ནུས་པ་སྔར་ལས་བཟང་པོར་བཏོན་ནས། འཇོན་མི་མཉམ་སྤྱོད་ཀྱི་རྣམ་པ་འཚོལ་ཞིབ་གང་ལེགས་བྱེད་པ་དང་། འཇོན་མིའི་ཐོན་ཁུངས་ཀྱི་བཀག་རྒྱ་དང་ཚོད་འཛིན་ཧུར་ཐག་གིས་གཏོར་ནས། འཇོན་མིའི་ཞབས་ཞུ་མཉམ་སྤྱོད་དང་ཆ་འཕྲིན་མཉམ་སྤྱོད། གྲུབ་འབྲས་མཉམ་སྤྱོད་བཅས་ལ་སྐུལ་འདེད་བཏང་སྟེ། རིགས་སོ་སོའི་འཇོན་མི་རྣམས་ལ་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཁྲོད་དུ་ངོ་མཚར་བྱས་རྗེས་འཇོག་ཏུ་འཇུག་དགོས།

ཞིན་ཁྲང་ཞིང་གིས་འགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་འཇོན་མིའི་བྱ་བའི་སྐོར་གྱི་འདུ་ཤེས་གསར་པ་དང་འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་བཅས་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཀྲུང་དབྱང་འཇོན་མིའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཏང་གིས་འཇོན་མི་ལ་དོ་དམ་བྱེད་པའི་རྩ་དོན་ནམ་ཡང་རྒྱུན་འཁྱོངས་བྱས་ནས། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། མཚོ་སྔོན་གྱི་འཇོན་མིའི་བྱ་བའི་གལ་ཆེན་རང་བཞིན་དང་དགོས་གཏུགས་རང་བཞིན། དམིགས་བསལ་རང་བཞིན་ལ་ངོས་འཛིན་ཟབ་མོ་བྱེད་པ་དང་། འཇོན་མིར་བརྟེན་ནས་ཞིང་ཆེན་སྟོབས་ལྡན་དུ་གཏོང་བའི་འཐབ་ཇུས་ཧུར་ཐག་གིས་ལག་བསྟར་བྱེད་པ། འཇོན་མི་གོང་སྤེལ་གྱི་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་བསྟུད་མར་ཟབ་མོར་སྤེལ་བ། འཇོན་མིའི་ཞབས་ཞུ་འགན་སྲུང་བྱ་བ་སྟོབས་ཤུགས་ཡོད་རྒུས་བཟང་པོར་སྒྲུབ་པ། ཉེ་དགའ་རིང་འདུའི་འཇོན་མིའི་སྐྱེ་ཁམས་སྟོབས་ཤུགས་ཡོད་རྒུས་བསྐྲུན་པ། འཇོན་མི་ངོས་ཟིན་པ་དང་འཇོན་མིར་གཅེས་པ། འཇོན་མིར་བཀུར་བ། འཇོན་མི་བཀོལ་བ་བཅས་ཀྱི་སྣང་ཚུལ་མི་རེ་རེར་ཤེས་སུ་འཇུག་པ། འཇོན་མི་དག་ལ་གསར་གཏོད་དང་གསར་སྐྲུན། ལས་སྐྲུན་བཅས་ཀྱི་གསོན་ཤུགས་གཅིག་ལ་གཅིག་འགྲན་གྱིས་ངོམ་དུ་འཇུག་པ་བཅས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྟོབས་དང་ལྡན་པའི་འཇོན་མིའི་རྒྱབ་རྟེན་དང་ཤེས་རབ་ཀྱི་འགན་སྲུང་འདོན་སྤྲོད་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཀྲང་དབྱིན་པད་ཀྱིས་སྤྱི་སྡོམ་གྱི་གཏམ་བཤད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་འཇོན་མིའི་བྱ་བའི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱི་གཏམ་བཤད་ཀྱི་བླང་བྱ་ལྟར། ཏང་གི་འཇོན་མིའི་བྱ་བའི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་བྱས་ཏེ། འཇོན་མིས་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་འཐབ་ཇུས་ཀྱི་གོ་གནས་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་འཇོན་མིའི་མཐོ་གནས་དང་གསར་གཏོད་ཀྱི་སྟེགས་བུ་ཧུར་ཐག་གིས་བསྐྲུན་པ། འཐབ་ཇུས་ཀྱི་འཇོན་མིའི་སྟོབས་ཤུགས་ཤིག་མྱུར་དུ་ཆགས་པར་བྱེད་པ། ཕྱོགས་ཡོངས་ནས་འཇོན་མི་སྐྱེད་སྲིང་དང་བསྡུ་འགུག བཀོལ་སྤྱོད་བཟང་པོ་བཅས་བྱེད་པ། འཇོན་མི་གོང་སྤེལ་གྱི་སྒྲིག་སྲོལ་རྐྱེན་སྲོལ་བཅོས་སྒྱུར་བསྟུད་མར་ཟབ་མོར་སྤེལ་བ། འཇོན་མི་ངོས་ཟིན་པ་དང་འཇོན་མིར་གཅེས་པ། འཇོན་མིར་བཀུར་བ། འཇོན་མི་བཀོལ་བ་བཅས་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་གིས་བསྐྲུན་པ། འཇོན་མིའི་ཆབ་སྲིད་ཁྲིད་སྟོན་དང་ཆབ་སྲིད་བསྡུ་འགུག་ལ་ཤུགས་སྣོན་པ་བཅས་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་འཇོན་མིའི་བྱ་བའི་རྣམ་པ་གསར་པ་རྒྱུན་མ་ཆད་པར་བསྐྲུན་དགོས་ཞེས་བསྟན།

ཞིང་ཆེན་གྱི་འགོ་ཁྲིད་ཀྲང་ཀོང་རོང་དང་། མགོན་པོ་བཀྲ་ཤིས། ལིས་ཅེ་ཞང་། ཡུས་ཚུང་ལི། མཱ་ཅི་ཞའོ། ཁྲིན་རོས་ཧྥིན། ཝང་ལིས་མེན། ཀྲའོ་ཡུའེ་ཞཱ་བཅས་ཚོགས་འདུར་ཞུགས།

ཕྱུག་ལོས་བསྒྱུར།