ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བདུན་པའི་ཚང་འཛོམས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་དགུ་པ་བསྡུས།
2021.12.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ཉིན། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བདུན་པའི་ཚང་འཛོམས་རྒྱ་བསྐྱེད་གྲོས་ཚོགས་ཐེངས་དགུ་པ་བསྡུས་ནས།  དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ལ། དམངས་གཙོ་རྒྱལ་འཛུགས་ཁོངས་གཏོགས་ཀྱི་པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་བྱེད་པར་རམ་འདེགས་བྱས་པའི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱས།

གྲོས་ཚོགས་ལས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གིས་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག  མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་བཀོད་འདོམས་ལྟར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་སྟེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་སློབ་སྦྱོང་དཔྱིས་ཕྱིན་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ལ། ཀྲུང་གུང་ཏང་གི་ལོ་རྒྱུས་དང་། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྱི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ནན་ཏན་གྱིས་སྤེལ་ནས། རྩ་འཛུགས་ཀྱི་སྤྱིའི་ནུས་ཤུགས་ཇེ་དྲག་ཏུ་བཏང་བ་དང་། སྲིད་ཞུགས་ཏང་གི་འགན་ནུས་ཧུར་ཐག་གིས་ལག་བསྟར་བྱས་ལ། སྤྱི་ཚོགས་ཞབས་ཞུའི་ལས་དོན་ཡག་པོར་བསྒྲུབས་པ་དང་། ལས་ཁུངས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་བས། ལས་དོན་རིགས་སོ་སོར་འཕེལ་རྒྱས་བྱུང་བ་མ་ཟད་གྲུབ་འབྲས་གསར་པ་ཐོབ་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཉིས་ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པའི་ལོ་གལ་ཆེན་ཞིག་ཡིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་གནད་འགག་གི་ལོ་ཞིག་ཀྱང་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་རྒྱང་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་རྒྱུ་ཡིན་ལ། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའང་བསྡུ་རྒྱུ་རེད། མཚོ་སྔོན་གྱི་དམངས་གཙོ་རྒྱལ་འཛུགས་ཁོངས་གཏོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། བསམ་བློ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་ལ། ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་ཡིན་དགོས། ཆབ་སྲིད་རྩིས་སྤྲོད་རྩིས་ལེན་ཡག་པོ་བྱས་ནས། སྲིད་གཙང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་དང་སྐབས་བརྗེའི་ཁོར་ཡུག་བསྐྲུན་དགོས། རྩ་འཛུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བཏང་ནས། སྲིད་དོན་ཇུས་འབུལ་གྱི་ཆུ་ཚད་ཇེ་མཐོར་གཏོང་བ་དང་། བྱེད་ཕྱོགས་འཛུགས་སྐྲུན་ཤུགས་དྲག་ཏུ་གཏོང་བ་དང་། ལས་ཁུངས་ཀྱི་ཞབས་ཞུའི་ཕན་འབྲས་མཐོར་འདེགས་བཏང་ནས། མཚོ་སྔོན་གྱི་དམངས་གཙོ་རྒྱལ་འཛུགས་བྱ་བ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་སྟེ། ཁྱད་འཕགས་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྱི་ཚོགས་ཆེན་བཅུ་གཉིས་པ་རྒྱལ་ཁའི་བསྡུ་བར་བསུ་མ་བྱེད་དགོས།

                                                                                    རིག་འཛིན་སྒྲོལ་མས་བསྒྱུར།