ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ་དང་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས།
2021.12.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 29

ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ་དང་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ་ཁྱབ་བསྒྲགས་བྱས།

ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་ནང་གི་གསར་འགྱུར་ཆེན་པོ་བཅུ་ནི།

གཅིག ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་བསྡུས་པ་དང་། ཞི་ཅིན་ཕིང་གིས་བརྗིད་ཉམས་ལྡན་པའི་ངང་ཀྲུང་ཧྭ་ས་གཞི་ཆེན་མོས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཡོད་པ་ཁྱབ་བསྒྲགས་གནང་བ།

གཉིས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་བསྡུས་ནས། ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་སྐོར་གྱི་གྲོས་ཆོད་ཅེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ།

གསུམ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་འགོག་སྡོམ་ཆུ་ཚད་གོ་ལ་ཧྲིལ་པོའི་མདུན་གྲས་སུ་སླེབས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་བརྩམས་པ།

བཞི། གོ་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་ལས་ལམ་ལུགས་ཀྱི་དགེ་མཚན་མངོན་པ་དང་། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད་པ།

ལྔ། ཐཱན་རྩེར་སོན་དང་ཐཱན་སྙོམས་སྦྱོར་དང་། རྩེ་རིམ་ཇུས་འགོད་བཅས་ཀྱི་ཡིག་ཆ་བཏོན་ནས། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་དུས་མཚམས་གསར་པ་བཏོད་པ།

དྲུག ལོ་ཧྲིལ་པོའི་འབྲུ་རིགས་ཐོན་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན་པ།

བདུན། རྒྱལ་ཡོངས་ཀྱི་མི་གྲངས་ཁྱབ་བཤེར་ཐེངས་བདུན་པའི་གཞི་གྲངས་ཁྱབ་བསྒྲགས་བྱས་པ་ལྟར་ན། ཀྲུང་གོ་ནི་སྔར་བཞིན་འཛམ་གླིང་གི་མི་འབོར་ཆེས་མང་བའི་རྒྱལ་ཁབ་ཆེན་པོ་ཡིན་པ།

བརྒྱད། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བར་སྣང་ས་ཚིགས་ཀྱི་དུས་རབས་སུ་སླེབས་པ།

དགུ ཞང་ཀང་གིས་འདེམས་བསྐོའི་ལམ་ལུགས་འཐུས་ཚང་དུ་བཏང་རྗེས་ཀྱི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་སྐབས་བརྗེའི་འདེམས་བསྐོ་ཐེངས་དང་པོ་རྒྱལ་ཁའི་ངང་བསྡུས་ནས། རྒྱལ་གཅེས་པས་ཞང་ཀང་སྐྱོང་བ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་བརྟན་པོའི་ངང་ཡུན་རིང་ལག་བསྟར་བྱ་རྒྱུར་འགན་ལེན་བྱས་པ།

བཅུ། ཧྭ་ཝེ་ཡི་དབུ་བཞུགས་ནོར་སྲིད་དཔོན་པོ་མིན་བན་ཀྲོའུ་བདེ་འཇགས་ངང་རྒྱལ་ནང་དུ་ལོག་ནས། ཨ་མེ་རི་ཁས་ཡོད་ཚད་བདག་བཟུང་བྱེད་འདོད་པའི་ཧམ་སེམས་ཀྱིས་རྒྱལ་ཁབ་གཞན་དག་གི་ཁེ་ལས་ལ་རྡུང་རྡེག་དང་གནོན་ཤུགས་སྤྲད་པར་ཕམ་ཉེས་ཆེན་པོ་བྱུང་བ།

ཉིས་སྟོང་ཉེར་གཅིག་ལོའི་རྒྱལ་སྤྱིའི་གསར་འགྱུར་ཆེན་པོ་བཅུ་ནི།

གཅིག ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་བཏོན་ནས་ཕྱོགས་མང་རིང་ལུགས་ངོ་མ་དར་སྤེལ་དང་ལག་ལེན་དུ་བསྟར་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་བ།

གཉིས། པྲོག་གསར་གློ་ཚད་རིམས་ནད་རྒྱུན་མཐུད་ངང་མཆེད་དེ། རིམས་འགོག་སྨན་ཁབ་བགོ་བཤའ་དྲང་སྙོམས་མ་བྱུང་བ་དང་། ནད་དུག་ཁུངས་འདེད་ཆབ་སྲིད་ཅན་གྱིས་གོ་ལ་ཧྲིལ་པོའི་རིམས་ནད་འགོག་བཅོས་ཀྱི་གོ་རིམ་ཧྲིལ་བོར་འཇིགས་སྐུལ་ཐེབས་པ།

གསུམ། ཀྲུང་གོ་དང་ཨུ་རུ་སུས་ཀྲུང་གོ་དང་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་མཛའ་མཐུན་མཉམ་ལས་ཆིངས་ཡིག་ལག་བསྟར་བྱེད་ཡུན་ཇེ་རིང་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་དུས་རབས་ཉེར་གཅིག་པའི་གོ་ལ་ཧྲིལ་པོའི་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་དཔེ་མཚོན་དུ་གྱུར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ།

བཞི། ཨ་མེ་རི་ཁའི་དམག་དཔུང་འཚབ་འཚུབ་ཀྱིས་ཨ་ཧྥུའུ་ཧན་ནས་ཕྱིར་འཐེན་བྱས་པ་ལས། ཨ་ཧྥུའུ་ཧན་ལ་མ་འོངས་པའི་འཕེལ་རྒྱས་ཀྱི་གོ་སྐབས་དང་འགྲན་སློང་གཉི་ག་ལྡན་པར་བྱས་པ།

ལྔ། ཨ་མེ་རི་ཁ་དང་ཡོ་རོབ་ཀྱི་དཔལ་འབྱོར་དངོས་ཕུང་གཙོ་བོའི་དངུལ་ལོར་འགྲེམ་ཐལ་ཤོར་ཚད་རྒྱུན་མཐུད་ངང་འཕར་བ་དང་། ཀྲུང་གོའི་ཕྱི་ཕྱོགས་ཉོ་ཚོང་ཟླ་བཅོ་བརྒྱད་རིང་བསྟུད་མར་འཕར་ནས། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ།

དྲུག ཨུ་རུ་སུས་ནུབ་ཕྱོགས་རྒྱལ་ཁབ་ལ་ཉེན་མཚམས་བཟོས་ནས། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ལ་བདེ་འཇགས་བཅའ་ཁྲིམས་ཀྱི་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་པ།

བདུན། ཨ་མེ་རི་ཁའི་རྒྱལ་ཚོགས་ཀྱི་ཟིང་འཁྲུག་ཁྲོད་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་བརྒྱ་ལྷག་ཙམ་ལ་རྨས་སྐྱོན་ཐེབས་པ་དང་། ཨ་མེ་རི་ཁའི་རྣམ་པ་ཡི་དམངས་གཙོར་གས་ཁ་ཤོར་བ།

བརྒྱད། ཨ་མེ་རི་ཁ་དང་དབྱིན་ཇི། ཨོ་སི་ཁྲི་ལི་ཡ་བཅས་ཀྱི་ཉིང་རྡུལ་ཆུར་འཛུལ་དམག་གྲུའི་གྲོས་མཐུན་གྱིས། གོ་ལ་ཧྲིལ་པོའི་ཉིང་རྡུལ་ཁྱབ་འགྱེད་མི་འགྲོ་བའི་མ་ལག་ལ་རྡུང་རྡེག་ཚབས་ཆེན་གཏོང་རྒྱུའི་ཐག་བཅད་པ་དང་། འཇར་པན་གྱིས་ཉིང་རྡུལ་བཙོག་ཆུ་རྒྱ་མཚོའི་ནང་དོར་བ་དེར་འཛམ་གླིང་ཧྲིལ་བོས་ངོ་རྒོལ་བྱས་པ།

དགུ མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་ཉེར་དྲུག་པ་སྔ་རྗེས་སུ་འཚོགས་ནས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་དང་མཉམ་དུ་ལག་གདང་སྦྲེལ་ནས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་འཇལ་རྒྱུ་ནི་གོ་ལ་ཧྲིལ་པོའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད་པ།

བཅུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་དོན་དྲུག་པའི་སྟེང་དུ། ཨོ་ལིན་ཕིག་གི་རྩོད་གཞི་མཚམས་འཇོག་པའི་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རྒྱབ་སྐྱོར་བྱས་པ་བཅས་རེད།

བན་དེ་སྐྱབས་ཀྱིས་བསྒྱུར།