ཝང་ཅན་ཅུན་གྱིས་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་གྱི་འཕྲིན་བཅར་བྱ་བར་རྟོག་ཞིབ་བྱས།
2021.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་ཟི་ལིང་གྲོང་ཁྱེར་མཁར་བྱང་ཁུལ་དུ་སོང་ནས། འཕྲིན་བཅར་བྱ་བར་རྟོག་ཞིབ་བྱས་པ་དང་། ཡུལ་དངོས་ནས་འཕྲིན་བཅར་ལ་ཡོང་བའི་མང་ཚོགས་སྣེ་ལེན་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བསྒྱུར་བྱེད་པའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་ནམ་ཡང་རྒྱུན་འཁྱོངས་བྱེད་པ། བརྩེ་སེམས་ཟབ་མོ་དང་སྟོབས་ཤུགས་ཆེན་པོས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་པའི་འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ། མང་ཚོགས་ལ་དོན་དངོས་བསྒྲུབ་རྒྱུ་དེ་རྒྱུན་སྲོལ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་ནས། རིགས་སོ་སོའི་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་སྣང་རྒྱུན་མི་ཆད་པར་མཐོར་འདེགས་གཏོང་དགོས།

མཁར་བྱང་ཁུལ་སྲིད་གཞུང་གཞུང་སྒྲུབ་ཚོམས་ཆེན་དུ། ཝང་ཅན་ཅུན་གྱིས་འགྲེམ་སྟོན་པང་ལེབ་ལ་བལྟས་པ་དང་། ཟི་ལིང་གྲོང་ཁྱེར་གྱི་འཕྲིན་བཅར་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུ་ལ་ཉན་ལ། མཁར་བྱང་ཁུལ་འཕྲིན་བཅར་ཅུའུ་གཞུང་སྒྲུབ་ཁང་དུ་སོང་ནས། འཕྲིན་བཅར་ཡིག་ཆར་བལྟ་ཀློག་བྱས་པ་དང་། འཕྲིན་བཅར་བྱ་བ་བསྒྲུབ་པའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་མ་ཟད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་འཕྲིན་བཅར་ཡུལ་གནས་སུ་བྱ་བ་བསྒྲུབ་བཞིན་པའི་ལས་བྱེད་པར་འཚམས་འདྲི་དང་བཀའ་དྲིན་ཞུས། དེའི་རྗེས། མཁར་བྱང་ཁུལ་འཕྲིན་བཅར་སྣེ་ལེན་ཁང་དུ། ཝང་ཅན་ཅུན་གྱིས་ཡུལ་དངོས་ནས་ཞུ་གཏུག་བྱེད་པར་ཡོང་བའི་མི་སྣ་སྣེ་ལེན་བྱས་པར་མ་ཟད། གནས་ཚུལ་རྒྱུས་ལོན་བྱས་པ་དང་། གྲོང་ཁྱེར་དང་མཁར་བྱང་ཁུལ་གྱི་འབྲེལ་ཡོད་སྡེ་ཁག་དང་འབྲེལ་ཡོད་ལས་དོན་སྡེ་ཁག་དང་ཁེ་ལས་དང་མཉམ་དུ་གནད་དོན་ལ་དབྱེ་ཞིབ་བྱས་ལ། ཐག་གཅོད་ཇུས་གཞི་བཙལ་པ་དང་ཡུལ་དངོས་ནས་ཕྱིར་ལན་བཏབ། ཁོས་བཤད་རྒྱུར། མང་ཚོགས་ཀྱིས་རེ་བ་བཏོན་ན། ང་ཚོས་དེ་སྐོང་དགོས་པ་དང་། ཏང་དང་མི་དམངས་ཀྱི་རེ་འདུན་ནི་གཅིག་འདྲ་ཡིན། འཕེལ་རྒྱས་ཀྱི་རྒྱུད་རིམ་ཁྲོད་བྱུང་བའི་འགལ་རྩོད་དང་གནད་དོན་དེ་བརྗེ་རེས་ནན་མོ་བྱས་ནས་ཐག་གཅོད་དགོས་པ་དང་། མང་ཚོགས་ཀྱིས་ཏང་ཨུ་དང་སྲིད་གཞུང་ལ་ཡིད་ཆེས་བྱས་པར་བཀའ་དྲིན་ཞུས་པ་ཡིན། ཕྱོགས་སོ་སོས་ཁས་བླངས་དུས་བཀག་ལྟར་མང་ཚོགས་ཀྱི་ཞུ་གཏུག་བཟང་བོར་བསྒྲུབ་དགོས། ཞུ་གཏུག་ལ་ཡོང་བའི་མང་ཚོགས་འཐུས་མི་ཐག་གཅོད་གྲུབ་འབྲས་ལ་ཡིད་ཚིམ་ཡོད་པ་ཤེས་རྗེས། ཝང་ཅན་ཅུན་གྱིས་མུ་མཐུད་དུ་མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་པའི་གནད་དོན་གསལ་བོར་དྲིས་པ་དང་། ཚང་མས་མཉམ་དུ་གྲོང་ཁྱེར་འཕེལ་རྒྱས་སུ་གཏོང་བའི་བློ་འདོན་ཇུས་འབུལ་བྱས་ནས། སྡོད་དམངས་ཡོངས་ཀྱི་ཁས་ལེན་ཚོར་བ་དང་རང་རློམ་ཚོར་བ་ཇེ་དྲག་ཏུ་གཏོང་རྒྱུའི་སྐུལ་སློང་བཏང་།

རྟོག་ཞིབ་བྱེད་སྐབས། ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། འཕྲིན་བཅར་བྱ་བ་ནི་ཆེས་ཆེ་བའི་ཆབ་སྲིད་ཀྱི་བྱ་བ་དང་། སྒོ་ཁར་སྐྱེལ་ཡོང་བའི་མང་ཚོགས་ཀྱི་བྱ་བ། མི་དམངས་དང་སེམས་འདྲེས་པར་བྱེད་པའི་བྱ་བ། འཆམ་མཐུན་གྱི་རྒྱུ་རྐྱེན་ཇེ་མང་དུ་གཏོང་བ་དང་འཆམ་མཐུན་མིན་པའི་རྒྱུ་རྐྱེན་ཇེ་ཉུང་དུ་གཏོང་བའི་བྱ་བ་ཡིན། འཕྲིན་བཅར་གནད་དོན་གྱིས་མང་ཚོགས་ཀྱིས་ཏང་དང་སྲིད་གཞུང་ལ་བཅངས་པའི་ཡིད་ཆེས་དང་རེ་སྒུག་མཚོན་པས། འཕྲིན་བཅར་བྱ་བ་བཟང་བོར་བསྒྲུབ་ན་འཕྲིན་ཡིག་འབུར་དུ་ཐོན་པར་བྱས་ཏེ། ཁ་དན་ཚིག་གནས་ཀྱི་སྡོད་དམངས་བྱེད་པ་དང་ཁ་དན་ཚིག་གནས་ཀྱི་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས། མང་ཚོགས་ཀྱི་བསམ་ཚུལ་ལ་ཉན་པ་དང་། མང་ཚོགས་ལ་བློ་འདྲི་བ། མང་ཚོགས་ཀྱི་འདོད་བློར་བརྩི་མཐོང་བྱེད་པ།  རང་ཉིད་ལ་ནན་འདྲི་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཁེ་ཕན་བསྐྲུན་དགོས། བཅའ་ཁྲིམས་བརྩི་བཀུར་བྱེད་པ་དང་། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་རྣམ་པ་དེ་གོ་རིམ་ཧྲིལ་བོའི་ཁྲོད་ཁྱབ་པར་བྱེད་པ་དང་། འགལ་རྩོད་ཐག་གཅོད་པར་སྐུལ་འདེད་བཏང་སྟེ། གྱོད་གཞི་ཐག་གཅོད་ནན་མོ་བྱེད་ཐུབ་པར་བྱེད་དགོས། གཞུང་དོན་ཏང་འཛུགས་དང་དམངས་དོན་སྲིད་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་ཁབ་དང་མི་དམངས་བར་གྱི་འབྲེལ་བ་ཡིད་ལ་དམ་པོར་འཛིན་པ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་འཚོ་བའི་ཐད་ཀྱི་རེ་སྒུག་འབད་འཐབ་དམིགས་འབེན་དུ་བྱེད་པ། མང་ཚོགས་དང་སེམས་གཅིག་བློ་གཅིག་བྱེད་པ། གཅིག་ཤེས་ཀུན་གྲོལ་དང་གནས་བརྗེ་བསམ་གཞིགས་གཏོང་བ། མང་ཚོགས་ཀྱི་སེམས་ཁྲལ་བྱེད་པ་དང་རེ་སྒུག་བྱེད་པའི་དཀའ་གནད་ཐག་གཅོད་པ། ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་བསྡུ་བའི་ཐད་ཞི་འཇགས་འཆམ་མཐུན་གྱི་ཁོར་ཡུག་བསྐྲུན་དགོས།

ཡུས་ཚོང་ལི་དང་ཁྲིན་རུའེ་ཧྥིན་གཉིས་ཀྱིས་མཉམ་དུ་རྟོག་ཞིབ་བྱས།

རིན་ཆེན་མཚོས་བསྒྱུར།