ཁོང་ཡུང་གིས་དུས་ཆེན་གཉིས་སྐབས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་བརྟག་བཤེར་ལྟ་སྐུལ་བྱས།
2021.12.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 16

ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་རིམས་ནད་འགོག་སྡོམ་བཀོད་འདོམས་པུའུ་དང་ཐང་ཏའོ637 ཧའེ་ཧུའུ་ཞིན་ཁྲིན་སྡེ་ཁུལ། ཟི་ལིང་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པ་སོགས་རིམས་ནད་འགོག་སྡོམ་ཡུལ་གནས་ལ་སོང་ནས་ལུགས་གསར་ལོ་སར་དང་ལུགས་རྙིང་ལོ་སར་གཉིས་སྐབས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་བརྟག་བཤེར་ལྟ་སྐུལ་བྱས།

ཁོང་ཡུང་གིས་བསྟན་དོན། མིག་སྔར་རིམས་ནད་གནས་བབ་སྔར་བཞིན་ཛ་དྲག་ཡིན་ཞིང་རྙོག་འཛིང་ཆེ་བས། རིམ་པ་སོ་སོའི་བཀོད་འདོམས་པུའུ་ཡིས་དུས་ནམ་ཡང་རིམས་ནད་འགོག་སྡོམ་བྱ་བ་དམ་འཛིན་བྱེད་པ་དང་། ལྷོད་གཡེང་གི་བསམ་བློ་དང་སུན་སྣང་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་སེལ་བྱེད་པ། ལས་རེས་ལས་སྲུང་ལ་ཤུགས་སྣོན་པ་དང་འཕྲལ་བསྟུན་ཇུས་གཞི་འཐུས་ཚང་དུ་གཏོང་བ། རིམ་པ་བཞིན་ཕྱོགས་བཞིའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། རིམས་ནད་འགོག་སྡོམ་གྱི་འགོག་ར་བརྟན་པོ་བཙུགས་ཏེ། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་འཆམ་མཐུན་གྱི་དུས་ཆེན་ཞིག་རོལ་བར་ཁག་ཐེག་བྱེད་དགོས།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་མི་སྣ་གཙོ་བོ་དང་ཡུལ་གནས་གཙོ་བོ། དུས་ཚོད་གཙོ་བོར་དོ་སྣང་བྱེད་པ་དང་། དུས་ཆེན་གཉིས་སྐབས་ཀྱི་རིམས་ནད་འགོག་སྡོམ་བྱ་བར་དམ་འཛིན་བྱེད་དགོས། སྡོད་ཁུལ་ནི་རིམས་ནད་འགོག་སྡོམ་གྱི་འགོག་ཐིག་གལ་ཆེན་ཡིན་པས། ཕྱི་ཡོང་མི་སྣར་བརྟག་བཤེར་དང་ཐོ་འགོད་སྙན་ཞུ་བྱེད་པར་ཤུགས་སྣོན་པ་དང་། དྲ་མིག་ཅན་གྱི་དོ་དམ་རྐྱེན་སྲོལ་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ། དྲིལ་སྒྲོག་སྐུལ་སློང་ཤུགས་ཆེན་བྱེད་པ། མཉམ་འགོག་མཉམ་སྡོམ་བྱེད་པ། སྡོད་ཁུལ་གྱི་རིམས་ནད་འགོག་སྡོམ་ཐད་ཀྱི་འགོག་ར་བརྟན་པོ་བཙུགས་ཏེ། རིམས་ནད་ཕྱི་ནས་ནང་དུ་མཆེད་པར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས། ཚོང་རས་ལུས་དྲོད་འཇལ་བ་དང་ཨང་བཤེར་བྱ་བར་དོ་དམ་ནན་མོ་བྱེད་པ་དང་། ཚོང་རའི་དུག་སེལ་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། མི་ཡོངས་ཀྱི་སྔོན་འགོག་འདུ་ཤེས་དང་རང་ཉིད་འགན་སྲུང་ནུས་པ་མཐོར་འདེགས་བཏང་ནས། ཧུར་ཐག་གིས་བདེ་འཇགས་སྒྲིག་ཡོད་ཀྱི་ཉོ་ཚོང་འཛད་སྤྱོད་ཁོར་ཡུག་བསྐྲུན་དགོས། སྨན་བཅོས་ལས་ཁུངས་ཀྱིས་རིམས་ནད་འགོག་སྡོམ་བྱེད་སའི་ལྟ་ཞིབ་ཚད་ལེན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྔོན་ཞིབ་རིགས་བགོས་སྨན་བཅོས་དང་ཚ་རྒྱས་སྒོ་བསྟེན་གྱི་ཁ་སུམ་དོ་དམ་ལ་ཤུགས་སྣོན་པ། སྨན་ཁང་ནང་གི་ནད་འགོ་འགོག་བཅོས་ལ་ཤུགས་བསྣན་ནས། སྔ་མོ་བཞིའི་རེ་བ་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་པ་དང་། མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་དགོས།

རིན་ཆེན་མཚོས་བསྒྱུར།