ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས།
2021.12.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་ནས་ཚེས་ཉེར་བརྒྱད་ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་ཏེ། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཉམས་མྱོང་རྒྱུན་འཁྱོངས་བྱེད་པ། ལོ་རྒྱུས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་མི་བརྗེད་པ། ཁག་ཁུར་ལས་སྒྲུབ་བྱེད་ཕོད་པ། ཚོད་བགམ་གྱི་ལམ་གསར་པའི་སྟེང་ཡག་པོར་སྐྱོད་པ་བཅས་བརྗོད་གཞིར་བཟུང་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བར་སྦྲེལ་བ་དང་། སྣེ་ཁྲིད་དེ་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱེད་པའི་སྐོར་གྱི་གཏན་འབེབས་འགའ་ལག་བསྟར་ནན་མོ་བྱས་པ་དང་སྦྲེལ་བ།  སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པའི་དོན་དངོས་དང་སྦྲེལ་བ། སྣེ་ཁྲིད་དེ་ཏང་གི་ལོ་རྒྱུས་སློབ་པ་དང་དགོངས་དོན་རྟོགས་པར་བྱེད་པ། དོན་དངོས་སྒྲུབ་པ། རྣམ་པ་གསར་པ་བསྐྲུན་པ་བཅས་ཀྱི་དོན་དངོས་དང་སྦྲེལ་བ། སྣེ་ཁྲིད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་ཕྲའི་དོན་ཚན། ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་འབུར་ཐོན་ཐག་གཅོད་བྱེད་པ །གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་བཅས་ཀྱི་དོན་དངོས་དང་སྦྲེལ་བ་བཅས་བྱས་ནས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ལོ་གཅིག་རིང་གི་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་པའི་གནས་ཚུལ་ལ་ཕྱིར་ལྟ་བྱས་པ་དང་གྲུབ་འབྲས་སྤྱི་སྡོམ་བྱས་ལ། མི་འདང་ས་བཙལ་བ་དང་།  ཏང་གཤིས་དབྱེ་ཞིབ་བཅས་བྱས་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་འགོ་འཛིན་མཛད་དེ་གསུང་བཤད་གལ་ཆེན་གནང་།

ཚོགས་འདུ་མ་བསྡུས་པའི་སྔོན་ལ། འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་ནན་མོ་བྱས།  ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སེམས་གཏམ་བཤད་རེས་དང་ལབ་གླེང་བྱེད་རེས་བྱས་ཏེ། བསམ་འཆར་དང་གྲོས་གཞིར་ཉན་པར་མ་ཟད། གཏམ་བཤད་ཀྱི་རྒྱུ་ཆ་གནད་བསྡུས་ཀྱང་བྲིས། ཚོགས་འདུ་ནས་ཉིས་སྟོང་ཉེར་གཅིག་ལོར་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱས་པའི་སྐོར་གྱི་སྙན་ཞུ་ཞེས་པ་དང་། ཉིས་སྟོང་ཉེར་གཅིག་ལོར་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་གིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་བཏང་བའི་བྱ་བའི་གནས་ཚུལ་སྐོར་གྱི་སྙན་ཞུ་ཞེས་པར་གྲོས་ཞིབ་བྱས། དེའི་རྗེས་སུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམས་ཀྱིས་རེ་རེ་བཞིན་དུ་གཏམ་བཤད་ནས།  སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས།

ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་གཏམ་བཤད་སྐབས། ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ཏེ་ངོས་ཟིན་དང་བསམ་གཞིགས་གླེང་བར་མ་ཟད། རང་ངོས་ཀྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིབ་བཤེར་གསལ་བོ་དང་དབྱེ་ཞིབ་གཏིང་ཟབ་བྱས་ནས། ཏང་དང་མི་དམངས་ལ་འགན་ཁུར་བའི་རྣམ་འགྱུར་ལེགས་པོ་མཚོན་པར་བྱས་པ་དང་། ནན་མོ་དང་རྣལ་མའི་བླང་བྱ་མཚོན་པར་བྱས་ལ། ལྷག་བསམ་ཟོལ་མེད་དང་ཕན་ཚུན་དྲན་སྐུལ་བྱེད་པའི་རྣམ་པ་མངོན་པར་བྱས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ད་ལོ་ནི་ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པའི་ལོ་ཞིག་ཡིན། ལོ་གཅིག་གི་རིང་ལ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་བསྡུས་པ། ཏང་གི་ལོ་རྒྱུས་ཐོག་གི་གྲོས་ཆོད་གསུམ་པ་གཏན་འབེབས་བྱས་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་ལས་དོན་སྤེལ་བ། དུས་བཅད་ལྟར་དབུལ་ཐར་མཁྲེགས་གཏོར་དམག་འཐབ་ལ་རྒྱལ་ཁ་བླངས་པ། དུས་བཅད་ལྟར་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་སྐྱོད་ལམ་ལམ་གསར་པར་བསྐྱོད་པ་བཅས་བྱས་ཡོད། ལོ་གཅིག་གི་རིང་ལ། འཛམ་གླིང་སྟེང་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་བྱུང་བ་དང་པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་མཆེད་པའི་ཤུགས་རྐྱེན་བསྣོལ་མར་འདྲེས་པ་དང་། རྒྱལ་ནང་གི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་འགན་ཧ་ཅང་ལྕི་ལ་དཀའ་ཚེགས་ཆེ་ནའང་།  ཏང་ཡོངས་དང་རྒྱལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་པ་དང་། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་ཤིང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་གྱིས་འཆར་འགོད་བྱས་པ་དང་། ཕྱོགས་ལྔ་གཞི་གཅིག་གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་ལག་བསྟར་དང་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་སྒོས་ལག་བསྟར་བྱས་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པའི་ཐད་གོམ་སྟབས་གསར་པ་སྤོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་བླངས་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་མྱུར་དུ་རྒྱ་བསྐྱེད་པ་དང་། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ། དམངས་ཚིས་འགན་སྲུང་ནུས་ཤུགས་དང་ཕན་ནུས་ལྡན་པར་བྱས་པ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་བ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་རྒྱུན་འཁྱོངས་བྱས་པ་དང་། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་བཏང་བ། རང་བྱུང་གནོད་འཚེ་ཚབས་ཆེན་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱས་པ་དང་། གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ནུས་ལྡན་བྱས་པ། རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རིམས་ནད་འགོག་སྡོམ་བྱ་བས་འཛམ་གླིང་གི་སྔོན་ཐོན་གནས་བབ་རྒྱུན་འཁྱོངས་བཅས་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྣ་ཚོགས་ཐད་གྲུབ་འབྲས་གསར་པ་བླངས་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་བརྩམས་ཡོད།

ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་གཅིག་གྱུར་གྱིས་བལྟས་ན། ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གོ་གནས་གཏན་འཁེལ་བྱས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་གོ་གནས་གཏན་འཁེལ་བྱས་པ་དེའི་སྟེང་ནས། ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་བཅས་ཀྱི་ཐུན་མོང་གི་བསམ་འདུན་མཚོན་པར་མ་ཟད། དེ་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་དུ་སྤེལ་བ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལྡན་པས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ངེས་པར་དུ་དེར་ངོས་འཛིན་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་་གཉིས་བཟང་བོར་སྒྲུབ་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་བྱ་བའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། བྱ་བ་སྣ་ཚོགས་ཐད་རྒྱུན་མ་ཆད་པར་རྣམ་པ་གསར་པ་བསྐྲུན་དགོས་པར་སྙམ།

གྲོས་ཚོགས་ནས་བལྟས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་གྱི་ལོ་དེ་དག་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་སྤེལ་བརྒྱུད་རིམ་ཁྲོད་ཆེས་རྒྱུན་ལྡན་མིན་པ་དང་ཆེས་སྤྱིར་བཏང་མིན་པའི་ལོ་འགའ་ཡིན། ཏང་གིས་གདོང་གཏོད་དགོས་པའི་གནས་བབ་དང་ཁོར་ཡུག་གི་རྙོག་འཛིང་རང་བཞིན་དང་ཛ་དྲག་རང་བཞིན་དང་། ཕྲག་ཏུ་བབས་པའི་ལས་འགན་གྱི་དཀའ་ཚེགས་རང་བཞིན་ནི་མལོ་རྒྱུས་སྟེང་མཐོང་དཀོན་པ་ཞིག་རེད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་པ་དང་འཐབ་ཇུས་པའི་བློ་སྤོབས་ལ་བརྟེན་ནས། རྒྱལ་ཁབ་ཕྱི་ནང་གི་ཁྱོན་ཡོངས་ཀྱི་གནས་ཚུལ་ལ་ཇུས་འགོད་བྱས་པ་དང་། བཅོས་སྒྱུར་འཕེལ་རྒྱས་བརྟན་འཇགས་དང་། ནང་སྲིད་ཕྱི་འབྲེལ་རྒྱལ་སྲུང་། ཏང་སྐྱོང་རྒྱལ་སྐྱོང་དམག་སྐྱོང་བཅས་ཀྱི་བྱ་བར་སྐུལ་འདེད་བཏང་ཞིང་། ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་གོ་སྐབས་དམ་འཛིན་དང་དཀའ་ངལ་ཁྱད་སེལ་བྱས་ནས། ཡུན་རིང་ཐག་གཅོད་འདོད་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་བཅད་པ་དང་། སྔོན་ཆད་བསྒྲུབ་བསམ་ཡང་བསྒྲུབས་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་ཡོངས་འགྲུབ་བྱས། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བའི་ཆེས་རྩ་བའི་རྒྱུ་རྐྱེན་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གནང་ནས་ཕྱོགས་སྟོན་སྣེ་ཁྲིད་གནང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཚན་རིག་དང་མཐུན་པའི་ངང་མཛུབ་སྟོན་གནང་བ་དེ་ཡིན། ལོ་བརྒྱའི་ཏང་གི་ལོ་རྒྱུས་ཀྱིས་ང་ཚོར་བློ་སྒོ་གལ་ཆེན་ཞིག་ཕྱེ་བ་ནི། ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་རྒྱུ་ནི། དུས་སྐབས་གལ་ཆེན་ནང་ཏང་གིས་ངོས་འཛིན་གཅིག་མཐུན་གཅིག་གྱུར་དང་བློ་ཐག་རྦད་ཆོད་སྒོས་གདམ་ག་བྱས་པའི་འགག་རྩ་ཡིན་ལ། ཏང་མཐུན་སྒྲིལ་གཅིག་གྱུར་དང་རྒྱལ་ཁའི་ངང་མདུན་དུ་སྐྱོད་པའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན་པས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ངེས་པར་དུ་ཀུན་གྱི་སྣེ་ཁྲིད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གོ་གནས་ལ་སྲུང་སྐྱོབ་བྱེད་རྒྱུ་དང་། ཀུན་གྱི་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་སྟེང་དུ་སྣང་བརྙན་གསར་པ་ངོམ་ནས་བྱས་རྗེས་གསར་པ་འཇོག་དགོས་པར་སྙམ།

གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་ཀྲུང་དབྱང་ཆབ་སྲིད་ཅུའུ་ནས་འགོ་བརྩམས་པ་དང་། སྤྱོད་ལམ་འཛུགས་སྐྲུན་ནས་འགོ་བརྩམས་ཏེ། སྲོལ་ངན་བཞི་ཡོ་བསྲང་བྱེད་པར་ཤུགས་བསྣན་ནས། ཏང་སྲོལ་ཐད་གནས་པའི་འབུར་ཐོན་གནད་དོན་དང་སྐྱོན་ཆ་ཐག་བཅད་ཡོད། ད་ལོར་ང་ཚོས་ཏང་ཡོངས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་དང་། རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་བཏང་ལ། ཏང་གི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ལམ་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་བ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་ཡོད། ང་ཚོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྐྱོན་ཆ་ཡོ་བསྲང་བྱས་པ་དང་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་རྒྱུན་རྣམ་ཅན་གྱི་རྐྱེན་སྲོལ་བཙུགས་ནས། གཞི་རིམ་གྱི་ཏང་ཡོན་དང་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་བརྩོན་སེམས་འཕེལ་བར་བྱས་ཡོད། འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་དེ། ཏང་སྲོལ་དང་སྲིད་སྲོལ་གསར་རྐྱང་དུ་གྱུར་པ་དང་། སྤྱི་ཚོགས་ཀྱི་གོམས་སྲོལ་མུ་མཐུད་ཇེ་ལེགས་སུ་ཕྱིན་ཡོད། དེ་དང་མཉམ་དུ་སྲོལ་ངན་བཞིའི་སྣང་ཚུལ་ངན་པ་ཡང་བསྐྱར་འབྱུང་བའི་ཉེན་ཁ་ཡོད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངན་རེངས་རང་བཞིན་དང་བསྐྱར་འཕར་རང་བཞིན་ལྡན་པར་མ་ཟད་རྣམ་པ་གསར་པ་སྣ་ཚོགས་འབྱུང་ཉེན་ཆེ་བས།   སྤྱོད་ལམ་ལེགས་སྐྱོང་ནི་དུས་རྟག་ཏུ་རྒྱུན་འཁྱོངས་བྱེད་དགོས་ལ། དུས་ནམ་ཡིན་ཡང་ལྷོད་གཡེང་དུ་གཏོང་མི་རུང་། རང་ངོས་གསར་བརྗེ་རྒྱུན་འཁྱོངས་བྱས་ཏེ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་ཕྲའི་དོན་ཚན་དོན་འཁྱོལ་བྱེད་རྒྱུ་དང་། སྲོལ་ངན་བཞི་ཡོ་བསྲང་བྱེད་པ། གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གཏན་འབེབས་དོན་འཁྱོལ་བྱེད་པ། ཕུགས་ཕན་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་མུ་མཐུད་འབད་བརྩོན་བྱས་ཏེ། ཏང་ཡོངས་ལ་སྣེ་ཁྲིད་ཡག་པོ་དང་དཔེ་སྟོན་ཡག་པོ་བྱེད་དགོས།

གྲོས་ཚོགས་ནས་བལྟས་ན། སང་ལོར་ང་ཚོའི་ཏང་གིས་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་རྒྱུ་ཡིན་པ་དེ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ཀུན་གྱི་སྣེ་ཁྲིད་དེ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་དག་གི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བྱེད་ཐབས་ནུས་ལྡན་བཏོན་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་བྱ་བ་སྣ་ཚོགས་ཁྲོད་དུ་དངོས་སུ་ལག་བསྟར་དོན་འཁྱོལ་བྱེད་དགོས།

ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམ་པའི་གཤིབ་སྡུར་ཞིབ་བཤེར་གྱི་གཏམ་བཤད་ལ་སྤྱི་སྡོམ་མཛད་པར་མ་ཟད། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་ཕྲའི་དོན་ཚན་ལག་བསྟར་དོན་འཁྱོལ་བྱེད་པའི་ཐད་བླང་བྱ་བཏོན། ཁོང་གིས་ད་ཐེངས་ཀྱི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་པ་ཧ་ཅང་ལེགས་པ་དང་། ཕན་འབྲས་ཧ་ཅང་ཆེན་པོ་ཐོབ་པར་མ་ཟད། བསམ་བློ་བརྗེ་རེས་དང་གནད་དོན་ལ་ཞིབ་བཤེར། ཁ་ཕྱོགས་གསལ་སྟོན་བཅས་བྱས་པ་དེ་ནི། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་གྲུབ་འབྲས་ལ་ཞིབ་བཤེར་བྱས་པ་ཞིག་ཡིན་པས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ལ།  ཚང་མས་བཏོན་པའི་བསམ་འཆར་དང་གྲོས་གཞི་ཡིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བྱ་བ་ལེགས་སྒྱུར་བྱེད་པར་ཕན་ཐོགས་ཧ་ཅང་ཆེན་པོ་ལྡན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོའི་ཏང་གིས་ལོ་ངོ་བརྒྱ་ཡི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་བརྒྱུད་དེ། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། འཛམ་གླིང་གི་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་གལ་ཆེན་བླངས་པ་དང་། ལོ་རྒྱུས་ཀྱི་ཉམས་མྱོང་ཧ་ཅང་རྩ་ཆེན་བསགས་ཡོད། ཏང་གི་ལོ་རྒྱུས་ནི་ཆེས་གསོན་ཉམས་ལྡན་ཞིང་གོ་སྐོན་བློ་འགུག་གི་ནུས་པ་ལྡན་པའི་བསླབ་དེབ་ཅིག་ཡིན། ང་ཚོའི་ཏང་གིས་སྔར་ནས་བཟུང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་མཐོང་ཆེན་བྱེད་ཀྱིན་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་ལ་ངོས་འཛིན་ཅི་ཙམ་ཆ་ཚང་བྱས་པ་དང་། ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཅི་ཙམ་ཡང་དག་པར་ཆུད་པར་བྱས་ན། ཏང་གི་ལོ་རྒྱུས་ཀྱི་བློ་གྲོས་དེ་ཙམ་གྱིས་སྔར་ལས་ཕུན་སུམ་ཇེ་ཚོགས་སུ་འགྲོ་ངེས་ཡིན་པ་དང་། མདུན་ལམ་ཡིད་ལ་ངེས་པར་བྱེད་པར་དེ་ཙམ་གྱིས་རང་འགུལ་ཆེ། ད་ལོ་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་སུ་ཏང་གི་ལོ་རྒྱུས་ལ་སྤྱི་སྡོམ་དང་སློབ་སྦྱོང་། སློབ་གསོ། དྲིལ་སྒྲོག་བཅས་བྱ་རྒྱུའི་གཏན་འབེབས་བྱས་པ་དང་། ཏང་ཡོངས་ཀྱིས་ལོ་རྒྱུས་བསླབས་ནས་གནས་ལུགས་རྟོགས་པར་བྱེད་པ་དང་ལོ་རྒྱུས་བསླབས་ནས་ཡིད་ཆེས་འཕེལ་བར་བྱེད་པ། ལོ་རྒྱུས་བསླབས་ནས་སྤྱོད་བཟང་བསྟེན་པ། ལོ་རྒྱུས་བསླབས་ནས་ལག་བསྟར་ལ་འབད་པ་བཅས་བྱས་པ་ནི། ལོ་རྒྱུས་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། མཐུན་སྒྲིལ་དང་གཅིག་གྱུར་ཡོང་བར་ཤུགས་སྣོན་པ།འཐབ་རྩོད་ཀྱི་སྙིང་སྟོབས་ཇེ་ཆེར་གཏོང་བ་བཅས་ཀྱི་ཆེད་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཚོད་བགམ་གྱི་ལམ་གསར་པའི་སྟེང་དུ་ང་ཚོས་མུ་མཐུད་དུ་གྲུབ་འབྲས་བཟང་པོ་ཞིག་ལེན་ཐུབ་མིན་གྱི་འགག་རྩ་ནི། ལོ་རྒྱུས་ཀྱི་རང་རྟོན་བརྟན་པོ་ཞིག་ཡོད་མེད་ལ་ཐུག་ཡོད། ལོ་ངོ་བརྒྱ་ཡི་རིང་ལ། ང་ཚོའི་ཏང་གིས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་འབད་པ། མིའི་རིགས་ཀྱི་ཆེད་དུ་ཡར་རྒྱས་བརྩོན་ལེན་དང་། འཛམ་གླིང་སྤྱི་སྙོམས་ཆེན་པོ་ཡོང་བར་བྱེད་པ། གནམ་འོག་དྲང་གཞག་དང་བདེན་ལུགས་སྐྱོང་བར་གཞོལ་བ་དེ་ནི་ང་ཚོའི་ཏང་ལ་ལོ་རྒྱུས་རང་རྟོན་ལྡན་པའི་གཏིང་ཤུགས་ཆེས་ཆེན་པོ་ཡིན་པ་དང་། ང་ཚོའི་ཏང་གིས་ཀྲུང་གོ་རུ་སྲིད་སྐྱོང་བ་དང་ཡུན་རིང་སྲིད་སྐྱོང་བའི་ལོ་རྒྱུས་རང་རྟོན་ཡིན་ལ། ང་ཚོའི་ཏང་གིས་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་མུ་མཐུད་མདུན་སྐྱོད་བྱེད་པའི་ལོ་རྒྱུས་རང་རྟོན་ཡང་ཡིན། དེ་རིང་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གིས་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་སྟོང་ཟད་དུ་བཏང་མེད་ཅེས་བཤད་ཆོག

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ལོ་རྒྱུས་ཀྱི་ངོས་འཛིན་ནི་ལོ་རྒྱུས་རང་རྟོན་གྱི་རྨང་གཞི་གལ་ཆེན་ཞིག་ཡིན།  ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་ལོ་རྒྱུས་དངོས་གཙོའི་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་ཀྱིས། ཏང་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་གནད་དོན་ཐད་རྩ་བ་དང་འབྱུང་ཁུངས་ཡང་དག་པར་བྱས་ཏེ་གྲུབ་འབྲས་ཆེན་པོ་བླངས་ཡོད། དེ་དང་མཉམ་དུ་ང་ཚོས་ངེས་པར་དུ་གནད་དོན་འདི་དངོས་གནས་ཐག་གཅོད་ཡག་པོ་བྱེད་དགོས་ན། སྔར་བཞིན་ཏང་གིས་གཟབ་ནན་དང་ཁྱོན་ཡོངས། དབང་གྲགས་བཅས་ཀྱི་སྒོ་ནས་ཏང་གི་ལོ་རྒྱུས་ལ་ཚན་རིག་དང་མཐུན་པའི་སྤྱི་སྡོམ་བྱེད་དགོས་ལ།  རྨང་གཞི་དེའི་སྟེང་ནས་རྒྱུན་སྲིང་ལྷོད་མེད་ངང་ཏང་གི་ལོ་རྒྱུས་སྤྱི་སྡོམ་དང་སློབ་སྦྱོང་། སློབ་གསོ། དྲིལ་སྒྲོག་བཅས་བྱས་ནས་ཡང་དག་པའི་ཏང་གི་ལོ་རྒྱུས་ཀྱི་ལྟ་བ་སྔར་ལས་གཏིང་ཟབ་དང་སྔར་ལས་རྒྱ་ཁྱབ་ངང་བསྐྱེད་དེ། ལོ་རྒྱུས་ངོ་མ་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དུ་འགྱུར་བར་བྱས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མི་དམངས་ཡོངས་དང་ལྷག་པར་དུ་རྒྱ་ཆེའི་ན་གཞོན་ལ་ལོ་རྒྱུས་རང་རྟོན་་བརྟན་པོ་དང་ལོ་རྒྱུས་ཀྱི་དྲན་ཤེས་བརྟན་པོ་བཙུགས་ནས། ཡིད་ཆེས་ཀྱིས་ཁེངས་པའི་ངང་མདུན་སྐྱོད་བྱེད་དགོས་པའི་སློབ་གསོ་གཏོང་དགོས་པ་གསལ་བོར་ཤེས་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ནི་ཏང་གི་སྲོག་རྩ་ཡིན་པས། ལོ་རྒྱུས་སྤྱི་སྡོམ་བྱེད་པའི་ཁྲོད་ནས་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་བྱེད་པར་མཁས་རྒྱུ་ནི། ང་ཚོའི་ཏང་གི་ཉམས་མྱོང་ལེགས་པོ་ཞིག་ཡིན། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་ནི་ཐོག་མར་ཆབ་སྲིད་སྟེང་གི་མཐུན་སྒྲིལ་དང་གཅིག་གྱུར་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཡོངས་ཀྱིས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་དེ། ཏང་གི་མཐུན་སྒྲིལ་དང་གཅིག་གྱུར་མཐོ་ཚད་གསར་པ་ཞིག་ཏུ་སླེབས་ཡོད། ཏང་ཀྲུང་དབྱང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་གྲོས་ཆོད་ནང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་གཙོ་གནད་འདི་འབུར་ཐོན་ཡོང་བར་བྱ་རྒྱུའི་གཏན་འབེབས་བྱས་པ་དེ་ནི་ཏང་ཡོངས་ཀྱིས་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ཐད་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར་ཡོང་བར་བྱེད་པ་དང་། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་གསར་པ་ལེན་པར་དོན་སྙིང་གལ་ཆེན་ལྡན།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་ཚོའི་ཏང་ནི་མི་དམངས་ལས་བྱུང་བ་དང་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ། མི་དམངས་ལ་ཞབས་འདེགས་ཞུ་བ་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་དུ། ཏང་གི་ལོ་རྒྱུས་ཐོག་གི་གྲོས་ཆོད་གསུམ་པ་གཏན་འབེབས་བྱས་པའི་དམིགས་ཡུལ་ནི། ཏང་ཡོངས་ཀྱིས་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་དུ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། གང་ནས་ཡོང་བ་དང་གང་དུ་འགྲོ་བའི་གཞི་རྩའི་དྲི་བ་དེར་ལན་ཡག་པོ་འདེབས་པ་དང་། ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས། རྒྱ་ཆེའི་མི་དམངས་མང་ཚོགས་ལ་ལོ་བརྒྱའི་ལོ་རྒྱུས་ཁྲོད་ནས་ཀྲུང་གོ་གུང་ཁྲན་ཏང་ནི་ཏང་གང་འདྲ་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དུ་བཅུག་སྟེ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་རྒྱུའི་བསླབ་བྱ་གནང་རྒྱུ་དེ་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། མར་ཁེ་སི་རིང་ལུགས་བྱུང་བ་དང་དེ་ནས་འཕེལ་རྒྱས་ཕྱིན་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་བྱུང་བ་དང་དེ་འཕེལ་རྒྱས་བྱུང་བའི་བརྒྱུད་རིམ་ནང་འཐབ་རྩོད་ཀྱི་དཀའ་ཚེགས་ཀྱིས་ཁེངས་ཡོད། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། གསར་བརྗེའི་འཐབ་རྩོད་ཀྱི་དཀའ་ཚེགས་ཆེ་ཚད་དང་རང་སྲོག་བློསབཏང་ཚད་ནི་ཤིན་ཏུ་མཐོང་དཀོན་པ་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ང་ཚོས་ཉེན་ཁ་དང་འགྲན་རྩོད་ཆེན་པོ་རབ་དང་རིམ་པར་འཕྲད་ནའང་། ང་ཚོས་ཞུམ་པ་མེད་པར་དཔའ་ངར་ཆེན་པོས་མདུན་སྐྱོད་བྱས་ཏེ། བློ་བརྟན་འགྱུར་མེད་ཀྱི་འཐབ་རྩོད་ལ་བརྟེན་ནས་རྒྱལ་ཁ་བླངས་ཡོད། དུས་རབས་གསར་པའི་ཆ་རྐྱེན་འོག་ཏུ།  ང་ཚོས་ཏང་གིས་བསགས་པའི་རླབས་ཆེན་འཐབ་རྩོད་ཀྱི་ཉམས་མྱོང་སྤྱི་སྡོམ་དང་བེད་སྤྱོད་ཡག་པོ་བྱས་ནས། ཚད་མཐའི་བསམ་གཞིགས་རྒྱུན་འཁྱོངས་དང་། ཉེན་ཁའི་འདུ་ཤེས་ཆེ་རུ་གཏོང་བ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། འཐབ་རྩོད་ཀྱི་ཐབས་ཇུས་ཁོང་དུ་ཆུད་པར་བྱེད་པ། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། དཀའ་ཚེགས་ཅི་ཙམ་ཆེ་ན་མདུན་སྐྱོད་དེ་ལྟར་བྱེད་ཕོད་པའི་ཞུམ་མེད་ཀྱི་བློ་སྟོབས་རྒྱུན་འཁྱོངས་བྱེད་པ། མདུན་སྐྱོད་ཀྱི་ལམ་དུ་སྔོན་དཔག་བྱེད་ཐུབ་པ་དང་སྔོན་དཔག་བྱེད་དཀའ་བའི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་ནུས་ལྡན་འཇལ་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གོང་ནས་གོང་དུ་སྤེལ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་བྱེད་པ་དང་། སེམས་རྒྱ་ཆེན་པོ་དང་བརྩེ་སེམས་ཆེན་པོ་བཅངས་ནས་མཐོ་སར་ལངས་པ། རྒྱང་རིང་བོར་ལྟ་བ། ཇུས་གཞི་ཟབ་མོ་འགོད་པ།  འདང་རྣལ་མ་རྒྱག་པ་བཅས་བྱས་ཏེ། སྒེར་གྱི་ཐོབ་ཤོར་ལ་མི་ལྟ་བ་དང་། མཚན་སྙན་དང་ཐོབ་ཆ་ལ་དང་དོད་མི་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་ཏང་དང་མི་དམངས་ཀྱི་ལས་དོན་གཙོ་བོར་འཛིན་པ། ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་གཅིག་སེམས་གཅིག་འབྲེལ་དང་ཤི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་བྱེད་དགོས། སྣེ་ཁྲིད་དེ་ཕུགས་བསམ་དང་དད་སེམས་བརྟན་པར་བྱས་ཏེ་ཕུགས་བསམ་དང་དད་སེམས་ཁྲོད་ནས་འཕེལ་ཕྱོགས་ཆེན་པོ་རྟོགས་པ་དང་འཕོ་འགྱུར་ཆེན་པོ་བསྟུན་པ། མ་འོངས་གསལ་པོར་ཤེས་པ་བཅས་ཀྱི་ལམ་སྟོན་སྒྲོན་མེ་རྙེད་དགོས་ལ། འབད་འཐབ་ལྷོད་མེད་དང་ཡར་སྐྱེད་ཆད་མེད་ཀྱི་སྒུལ་ཤུགས་ཀྱི་འབྱུང་ཁུངས་རྙེད་དགོས་ཤིང་། ཡིན་མིན་དབྱེ་འབྱེད་དང་རྨོངས་མུན་གཙང་སེལ་གྱི་ཆབ་སྲིད་ཀྱི་སྤྱན་ཟུང་རྙེད་དགོས་ལ།  ལྷད་སྐྱོན་འགོག་པ་དང་འགྱུར་ལྡོག་ལག་གཟབ་པའི་སྟོབས་ལྡན་མཚོན་ཆ་རྙེད་དགོས། ཀུན་གྱི་སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱས་ཏེ། རང་ངོས་ནས་བློ་རྩ་བརྟན་པོ་དང་རིག་པ་གསལ་བོ་བྱེད་དགོས་པར་མ་ཟད། ཏང་ཡོངས་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་ཐད་རང་རྟོགས་ངང་ཤུགས་འདོན་དགོས་པ་དང་། ལྷག་པར་དུ་ཕྱོགས་ལྷུང་ངན་པ་སྔོན་འགོག་དང་ཁྱད་སེལ་བྱེད་དགོས། འཐབ་ཇུས་ཀྱི་མིག་རྒྱང་དང་སྔོན་དཔག་གི་མིག་རྒྱང་རིང་བོ་ཡོད་པར་བྱས་ཏེ། ལག་ལེན་གསར་པས་བཏོན་པའི་དཔྱད་གཞི་གསར་པར་དམིགས་ཏེ། དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་གྱིས་དོན་དངོས་དང་མཐུན་ཞིང་ཆོས་ཉིད་དང་མཐུན་པའི་ཐབས་ཇུས་དང་གྲོས་གཞི་འདོན་དགོས། ཀུན་གྱི་སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། ཆད་ལུས་མེད་པའི་སྒོ་ནས་ལག་བསྟར་བྱེད་པར་ཤུགས་སྣོན་པ་དང་། ཁག་བགོས་དོ་དམ་ཁྱབ་ཁོངས་དང་ཁག་བགོས་དོ་དམ་སྡེ་ཁག་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་དང་ལས་དོན་བཀོད་སྒྲིག་ལ་ཁྱོན་ཡོངས་ནས་སློབ་སྦྱོང་བྱས་ཏེ་གོ་བ་གཏིང་ཟབ་ལེན་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་དོན་གྱི་ཆེ་ཕྱོགས་ལ་གོ་བ་གཏིང་ཟབ་མོ་ལེན་པ་དང་།  ལག་བསྟར་བྱ་བར་ཕྱོགས་ལྷུང་མེད་པ་དང་སྐབས་བསྟུན་མི་བྱེད་པ། རྣམ་པ་མི་འགྱུར་བ་བཅས་ལ་འགན་ལེན་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་བསྡུ་བ་ནི། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་སང་ལོའི་བྱ་བའི་ཆབ་སྲིད་ཀྱི་ལས་འགན་དང་པོ་ཡིན་པས། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་ཚོས་ཆབ་སྲིད་ཀྱི་འགན་ཁུར་འདུ་ཤེས་དང་ལོ་རྒྱུས་ཀྱི་འགན་འཁྲིའི་འདུ་ཤེས་དྲག་པོར་བརྟེན་ནས། འགན་འཁྲི་ནན་ཏན་གྱིས་སྒྲུབ་སྟེ་ཕྱོགས་སོ་སོའི་བྱ་བ་ལེགས་པོར་བསྒྲུབ་དགོས། ད་ལོ་དང་སང་ལོར་སྐབས་བརྗེའི་དུས་ལ་འཁེལ་ཡོད། འགོ་ཁྲིད་བློ་མཐུན་ཚོས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་བརྩི་སྲུང་ནན་མོ་བྱས་ཏེ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་སྐབས་བརྗེའི་སྒྲིག་ཁྲིམས་བརྩི་སྲུང་ནན་མོ་བྱེད་དགོས། འགོ་ཁྲིད་ལས་བྱེད་པས་རྩ་འཛུགས་ལ་ལྟ་སྟངས་ཡང་དག་འཛིན་པ་དང་། རང་ཉིད་ལ་ལྟ་སྟངས་ཡང་དག་འཛིན་པ། ཁྱོན་ཡོངས་ལ་བརྩི་བཀུར་བྱེད་པ། རྩ་འཛུགས་ཀྱི་བཀོད་སྒྲིག་ལ་བརྩི་བཀུར་བྱེད་པ། བཀོད་སྒྲིག་དང་ལེན་བྱེད་པ་བཅས་ལ་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ། གུང་ཁྲན་ཏང་མིར་ཡོད་འོས་པའི་བློ་སྟོབས་དང་སྤོབས་སེམས་ཀྱིས་སེམས་ཤུགས་ཡོད་ཚད་ལས་སྒྲུབ་ལས་སྐྲུན་གྱི་ཐད་དུ་བཀོལ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ད་ཐེངས་ཀྱི་དམངས་གཙོ་འཚོ་བའི་ཚོགས་འདུའི་སྟེང་དུ། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་གྱིས་བྱ་བ་ཡག་པོར་བསྒྲུབ་པའི་ཐད་བསམ་འཆར་དང་གྲོས་གཞི་གང་ལེགས་མང་པོ་བཏོན་པ་རྣམས། ལ་ལ་ནི་ཀྲུང་དབྱང་གི་བྱ་བ་དང་འབྲེལ་ཡོད་པ་དང་། ལ་ལ་ནི་སྡེ་ཁག་གི་བྱ་བ་དང་འབྲེལ་ཞིང་།   ལ་ལ་ནི་ས་གནས་ཀྱི་བྱ་བ་དང་འབྲེལ་ཡོད། ཚོགས་འདུ་གྲོས་རྗེས་དེ་ལ་མྱུར་དུ་ཞིབ་འཇུག་བྱེད་པ་དང་བྱེད་ཐབས་འདོན་པ། བྱ་བ་ལེགས་བཅོས་བཅས་བྱས་ནས་ཕན་འབྲས་དངོས་ཐོབ་པར་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།