ཧན་ཀྲིན་དང་སིང་ག་ཕོར་གྱི་ཙུང་ལི་གཞོན་པས་བརྙན་ལམ་བརྒྱུད་དེ་གྲོས་མོལ་བྱས་པ་དང་མཉམ་དུ་ཀྲུང་གོ་དང་སིང་ག་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་གྱི་གྲོས་ཚོགས་ལ་འགོ་འཛིན་བྱས། 
2021.12.29 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན་པེ་ཅིང་ནས་སིང་ག་ཕོར་གྱི་ཙུང་ལི་གཞོན་པ་ཝང་རོས་ཅེ་དང་བརྙན་ལམ་ནས་གྲོས་མོལ་བྱས་པར་མ་ཟད། ཀྲུང་གོ་དང་སིང་ག་ཕོར་ཕྱོགས་གཉིས་ཀྱི་མཉམ་ལས་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པ་དང་། སུའུ་ཀྲོའུ་བཟོ་ལས་ར་བའི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ཉེར་གཉིས་པ། ཐེན་ཅིན་སྐྱེ་ཁམས་མཁར་གྲོང་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་གསུམ་པ། ཀྲུང་གོ་དང་སིང་ག་ཕོར་གྱི་འཐབ་ཇུས་རང་བཞིན་གྱི་མཉམ་འབྲེལ་གཅིག་བརྟེན་དཔེ་སྟོན་ལས་གཞིའི་མཉམ་འབྲེལ་མཐུན་སྦྱོར་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་ལྔ་པ་བཅས་ལ་མཉམ་དུ་འགོ་འཛིན་མཛད།

གྲོས་མོལ་བྱེད་སྐབས་ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་སིང་ག་ཕོར་ནི་ཁྱིམ་མཚེས་གྲོགས་པོ་ཡིན་པའི་ཆ་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་དང་མཐོ་རིམ་བར་དུ་འབྲེལ་འདྲིས་ཟབ་མོ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཅང་མ་འགོར་བའི་སྔོན་དུ་ཙུང་ལི་ལིས་ཞན་ལུང་ལ་ཁ་པར་བཏང་སྟེ། ཀྲུང་གོ་དང་སིང་ག་ཕོར་གྱི་འབྲེལ་བའི་འཕེལ་རྒྱས་ཐད་འཐབ་ཇུས་ཀྱི་མཛུབ་སྟོན་གནང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་སིང་ག་ཕོར་ཀྲུང་གོས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་འཛུགས་པའི་འཕེལ་རིམ་ནང་ཟབ་ཞུགས་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཅིང་། སིང་ག་ཕོར་དང་ལག་རྡང་སྦྲེལ་ནས་སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། ཕྱོགས་མང་རིང་ལུགས་དང་རང་དབང་ཉོ་ཚོང་ལ་མཉམ་དུ་སྲུང་སྐྱོབ་བྱེད་པ། པྲོག་གསར་གློ་ཚད་རིམས་ནད་ཀྱི་འགོག་སྨན་དང་སྨན་རྫས་ཀྱི་གསར་སྤེལ་ཐོན་སྐྱེད་སོགས་ཀྱི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བྱེད་པའི་ཞོར་དུ། གྲངས་ལྡན་དཔལ་འབྱོར་དང་ལྷད་མེད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གང་ནུས་ཀྱིས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཀྱི་སྤུས་ཚད་དང་ཆུ་ཚད་སྔར་ལས་ཇེ་མཐོར་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད། 

ཝང་རོས་ཅེ་ཡིས་བསྟན་དོན། ཀྲུང་གོ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་སླེབས་པ་ལས་སིང་ག་ཕོར་དང་ཀྲུང་གོའི་མཉམ་ལས་ཐད་གོ་སྐབས་ཆེན་པོ་བསྐྲུན་ཡོད། སིང་ག་ཕོར་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐོ་རིམ་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་ནུས་པ་འདོན་སྤེལ་བྱས་ཏེ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། རང་དབང་ཉོ་འཚོང་ལ་སྐུལ་འདེད་གཏོང་བ། མི་སྣའི་འགྲོ་འོང་ལ་ཤུགས་སྣོན་པ་བཅས་བྱས་ནས། ལག་རྡང་སྦྲེལ་ཏེ་རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་མི་དམངས་ལ་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་འདོད་ཡོད། དེ་མིན་པེ་ཅིང་གི་དགུན་ཁའི་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་ལེགས་འགྲུབ་འབྱུང་བའི་སྨོན་འདུན་ཞུས་པ་ཡིན་ཟེར། 

དེའི་རྗེས་སུ་ཧན་ཀྲིན་དང་ཝང་རོས་ཅེ་གཉིས་ཀྱིས་ཕྱོགས་གཉིས་ཀྱི་མཉམ་ལས་རྐྱེན་སྲོལ་གྱི་གྲོས་ཚོགས་བཞིར་མཉམ་དུ་འགོ་འཛིན་བྱས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་གྱི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱས་པའི་གནས་ཚུལ་དང་དངོས་གཉེར་མཉམ་ལས་ཀྱི་གྲུབ་འབྲས་ལེགས་བསྡུས་བྱས་ཏེ། དུས་རིམ་རྗེས་མའི་མཉམ་ལས་ཁ་ཕྱོགས་དང་གཙོ་གནད་ལ་མཉམ་དུ་འཆར་འགོད་བྱས། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་སྣེ་ཁྲིད་དུ་བྱས་ཏེ་མཉམ་ལས་ལས་གཞི་གཙོ་བོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོར་འདེགས་གཏོང་བ་གོ་སྐབས་སུ་བྱས་ནས། གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་དམིགས་ཚད་གསར་པ་གསར་སྐྲུན་བྱེད་རྒྱུ་མ་ཟད། རྒྱལ་ཁབ་གཉིས་ཀྱི་རིམས་འགོག་དང་འཕེལ་རྒྱས་མཉམ་ལས་རྒྱ་བསྐྱེད་པ་རྒྱབ་རྟེན་དུ་བྱས་ཏེ། འཛམ་གླིང་ཡོངས་ཀྱི་རིམས་འགོག་དང་རྒྱུན་མཐུད་འཕེལ་རྒྱས་ཐད་བྱས་རྗེས་གསར་པ་འཇོག་པར་གཅིག་གྱུར་ཡིད་འཐད་བྱུང་། 

གྲོས་ཚོགས་ཀྱི་རྗེས་སུ་ཧན་ཀྲིན་དང་ཝང་རོས་ཅེ་གཉིས་ཀྱིས་སྐམ་ས་དང་མཚོ་ཐོག་གི་རྒྱུ་ལམ་གསར་པའི་མཉམ་ལས་འཆར་འགོད་བཀོད་པ་སོགས་གྲུབ་འབྲས་རབ་དང་རིམ་པ་བླངས་པ་མཉམ་དུ་ཁྱབ་བསྒྲགས་བྱས་པར་མ་ཟད། མཉམ་དུ་ཀྲུང་གོས་སིང་ག་ཕོར་ལ་བྱིན་པའི་དོམ་ཁྲ་གསར་སྐྱེས་ཕྲུ་གུར་མིང་འདོགས་པའི་མཛད་སྒོར་ཞུགས། 


བསོད་ནམས་ཚེ་རིང་གིས་བསྒྱུར།