ཞིན་ཁྲང་ཞིང་གིས་བརྩེ་སེམས་ལྡན་པ་དང་འགན་འཁྲི་ཡོད་པའི་ངང་དམངས་ཚིས་དོན་དངོས་ལེགས་སྒྲུབ་བྱེད་དགོས་ཞེས་བསྟན།
2021.12.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་བཅུ་གཉིས་པའི་ཚེས་ཉེར་དགུ་ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་འཕྲིན་བཅར་ཅུའུ་རུ་ཞུ་གཏུག་ལ་ཡོང་བའི་མང་ཚོགས་ལ་དང་ལེན་བྱས་པ་དང་། འགོ་འཛིན་བྱས་ནས་གཏན་འཇགས་རྒྱུ་ནོར་ཐོ་འགོད་གནད་དོན་ཐད་ཀྱི་ཆེད་དོན་ཚོགས་འདུ་བསྡུས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བའི་མཆན་བཀོད་གལ་ཆེན་ལ་སློབ་སྦྱོང་དང་དོན་འཁྱོལ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་བླང་བྱ་ལྟར། མི་དམངས་ལྟེ་བར་འཛིན་པའི་བསམ་བློ་འཕྲིན་བཅར་བྱ་བའི་གོ་རིམ་ཧྲིལ་བོར་འདྲེས་པར་བྱས་ཏེ། བརྩེ་སེམས་ལྡན་པ་དང་འགན་འཁྲི་ཡོད་པའི་ངང་དམངས་ཚིས་དོན་དངོས་ལེགས་སྒྲུབ་བྱེད་དགོས།

ཞིན་ཁྲང་ཞིང་གིས་ཞིང་ཆེན་འཕྲིན་བཅར་ཅུའུ་ཡི་འཕྲིན་བཅར་བ་སྣེ་ལེན་ཁང་ནས་ཟི་ལིང་གྲོང་ཁྱེར་ཧོང་ཀྲོང་ཆུས་རུ་གསར་གྲོང་བརྡལ་ཧྲིན་ཧྲི་ཐང་ཆེན་གྱི་ལས་གཞིའི་སྡོད་ཁྱིམ་གྱི་འཐུས་ཚབ་ལ་སྣེ་ལེན་བྱས་པ་དང་། ངོ་འཕྲད་ནས་སྡོད་ཁྱིམ་གྱི་འཐུས་ཚབ་ཀྱིས་གཏན་འཇགས་རྒྱུ་ནོར་དཔང་ཡིག་སྒྲུབ་པའི་འཕྲིན་བཅར་རེ་འདུན་ལ་ནན་ཏན་སྒོས་ཉན་ནས། ས་གནས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གི་ཐག་གཅོད་བྱེད་པའི་འཕེལ་རིམ་གནས་ཚུལ་ལ་རྒྱུས་ལོན་བྱས་རྗེས་ཞིན་ཁྲང་ཞིང་གིས་བསྟན་དོན། གཏན་འཇགས་རྒྱུ་ནོར་དཔང་ཡིག་སྒྲུབ་པའི་གནད་དོན་དེ་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་དང་འབྲེལ་ཡོད་པས་ས་གནས་དང་སྡེ་ཁག་སོ་སོས་ཁྲིམས་མཐུན་ལུགས་མཐུན་དང་གཟབ་ནན་ཞིབ་ཚགས་ཀྱིས་བྱ་བ་སྣ་ཚོགས་ལེགས་པར་སྒྲུབ་ནས་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས།

དེའི་རྗེས་སུ་ཞིན་ཁྲང་ཞིང་གིས་གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་པའི་གནད་དོན་ཐད་ཀྱི་ཆེད་དོན་ཚོགས་འདུ་བསྡུས་པ་དང་། འབྲེལ་ཡོད་སྡེ་ཁག་དང་ས་གནས་ཀྱིས་གནས་ཚུལ་འཚམས་སྦྱོར་བྱས་པར་ཉན་ནས་འབྲེལ་ཡོད་བྱ་བར་བླང་བྱ་བཏོན། ཁོས་ནན་གྱིས་བསྟན་དོན། གཏན་འཇགས་རྒྱུ་ནོར་ཐོ་འགོད་བྱེད་པའི་གནད་དོན་ཐག་གཅོད་བྱེད་པ་ནི་མང་ཚོགས་ཀྱིས་རེ་ཞིང་སྒུག་པའི་དམངས་ཚིས་དོན་ཆེན་ཞིག་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད་པར་མ་ཟད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་དུ་ངས་དམངས་ལ་དོན་དངོས་སྒྲུབ་པ་ཞེས་པའི་ལག་ལེན་བྱེད་སྒོ་ནང་དོན་གལ་ཆེན་དུ་བཞག་ནས་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།

ཧྲིན་ཀྲང་གཞོན་པ་ལིས་ཧུང་ཡཱ་མཉམ་དུ་ཚོགས་འདུར་ཞུགས།

མི་ཕམ་མགོན་པོས་བསྒྱུར།