ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་གཏམ་རྒྱུད་གླེང་བ་ཞེས་པའི་དཔེ་དེབ་དཔེ་སྐྲུན་འགྲེམ་སྤེལ་བྱས།
2021.12.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 13

ཉེ་ལམ། ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་གཏམ་རྒྱུད་གླེང་བ་ཞེས་པའི་དཔེ་དེབ་མི་དམངས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས། དཔེ་དེབ་འདིའི་ནང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་མྱོང་བའི་ཏང་གི་ལོ་རྒྱུས་ཀྱི་གཏམ་རྒྱུད་བརྒྱད་ཅུ་ལྷག་ལེགས་བཏུས་བྱས་ཡོད་ཅིང་། གོ་སླ་བའི་སྒོ་ནས་ཏང་གི་ལོ་རྒྱུས་ཀློག་འགྲེལ་དང་འགྲེལ་བརྗོད་གཏིང་ཟབ་གནང་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་དྲིལ་སྒྲོག་བྱེད་པར་མཐོང་ཆེན་བླ་མེད་གནང་སྟེ། ཏང་གི་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད། གནས་གཞིའི་ས་ཁུལ་གྱི་གཏམ་རྒྱུད། དཔའ་བོ་དང་སྔོན་གཤེགས་དཔའ་བོའི་གཏམ་རྒྱུད། གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། གཞོན་ནུ་ལོ་ཆུང་གི་བསམ་བློ་དང་ཀུན་སྤྱོད་ཀྱི་སློབ་གསོ་བཅས་ལ་ཤུགས་བསྣན་ནས། གསར་བརྗེའི་རྒྱུད་རྒྱུ་རྒྱུན་འཛིན་ཡག་པོ་བྱས་ཏེ། དམར་པོའི་སྲིད་དབང་གི་ཁ་དོག་ནམ་ཡང་མི་འགྱུར་བར་འགན་ལེན་བྱ་དགོས་པ་ནན་གྱིས་བསྟན་ཡོད།ཞི་ཅིན་ཕིང་གིས་ཏང་གི་ལོ་རྒྱུས་གཏམ་རྒྱུད་གླེང་བ་ཞེས་པའི་དཔེ་དེབ་ནང་བསྡུས་པའི་གཏམ་རྒྱུད་དག་གི་ནང་དོན་ནི་མི་སེམས་འགུལ་བར་བྱེད་པ་དང་བསམ་བློ་ཕུན་སུམ་ཚོགས་ཤིང་གཏིང་ཟབ་པ། ཤེས་སླ་ཞིང་གོ་བདེ་བའི་སྐད་ཆ་བཀོལ་བ།  ཏང་གིས་ཀྲུང་གོ་མི་དམངས་ལ་བདེ་སྐྱིད་བསྐྲུན་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བར་འབད་འཐབ་བྱས་པའི་བཤུལ་ལམ་ལ་དམ་པོར་དམིགས་ཏེ། ཀྲུང་གོ་གུང་ཁྲན་ཏང་མིའི་ཐུན་མོང་མ་ཡིན་པའི་རིན་ཐང་དོན་གཉེར་བྱེད་སྟངས་མངོན་པར་མཚོན་ཡོད་ལ། ཀློག་པ་པོར་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་པའི་སྟེང་ནས། ཀྲུང་གོ་གུང་ཁྲན་ཏང་གིས་ཅིའི་ཕྱིར་ནུས་པ་དང་། མར་ཁེ་སི་རིང་ལུགས་ཅིའི་ཕྱིར་ལེགས་འགྲུབ་བྱུང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཅིའི་ཕྱིར་བཟང་བ་བཅས་ལ་གོ་བ་ལོན་པར་མཐུན་རྐྱེན་བསྐྲུན་ཡོད།

བན་དེ་སྐྱབས་ཀྱིས་བསྒྱུར།