ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུའི་ཉིས་སྟོང་ཉེར་གཉིས་ལོའི་བཀའ་ཁྱབ་ཨང་དང་པོའི་སྟེང་མཚན་བཀོད།
2022.01.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

ཟླ་དང་པོའི་ཚེས་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དམག་ཨུའི་ཉིས་སྟོང་ཉེར་གཉིས་ལོའི་བཀའ་ཁྱབ་ཨང་དང་པོའི་སྟེང་མཚན་བཀོད་དེ། དམག་ཡོངས་ལ་སྦྱོང་བརྡར་བྱེད་འགོ་རྩོམ་དགོས་པའི་སྐུལ་སློང་བཀའ་རྒྱ་ཁྱབ་སྒྲོག་གནང་། བཀའ་རྒྱའི་ནང་དོན་ཆ་ཚང་གཤམ་གསལ་ལྟར།

ངས་ཉིས་སྟོང་ཉེར་གཉིས་ལོའི་དམག་དོན་སྦྱོང་བརྡར་བྱེད་འགོ་རྩོམ་དགོས་པའི་བཀའ་ཕབ་པ་ཡིན།

དམག་ཡོངས་ཀྱི་རིམ་པ་སོ་སོས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུའི་ཇུས་ཆོད་མཛུབ་སྟོན་དངོས་འབེབས་མཐའ་གཅིག་ཏུ་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་དང་དམག་དོན་འཐབ་རྩོད་ཀྱི་གནས་སྟངས་འགྱུར་ལྡོག་ལ་གོ་བ་མ་ནོར་བ་ལེན་རྒྱུ་དང་། ཚན་རྩལ་གྱི་འགྱུར་ལྡོག་དང་དམག་འཁྲུག་གི་འགྱུར་བ། འགྲན་ཡའི་འགྱུར་ལྡོག་བཅས་ལ་དམ་པོར་དམིགས་ཏེ། དམག་འཐབ་དང་སྦྱོང་བརྡར་ཕན་ཚུན་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གང་ལེགས་གཏོང་དགོས་ལ། མ་ལག་ཆ་ཚང་བའི་སྦྱོང་བརྡར་ལ་སྐུལ་འདེད་གང་ལེགས་གཏོང་བ། ཚན་རྩལ་དམག་སྦྱོང་ལ་སྐུལ་འདེད་གང་ལེགས་གཏོང་བ། དམག་དོན་སྦྱོང་བརྡར་གྱི་ཚུལ་སྒྱུར་རིམ་སྤོར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་མཐར། དམག་དོན་སྦྱོང་བརྡར་ལ་བརྟེན་ནས་དམག་འཐབ་བྱེད་ཕོད་པ་དང་དམག་འཐབ་ལ་མཁས་པའི་ཧྲག་དམག་གི་དཔུང་སྡེ་སྟོབས་ལྡན་དུ་འགྱུར་བར་འབད་དགོས།

དམག་ཡོངས་ཀྱི་བཀོད་འཐབ་པ་ཚོས་དཀའ་སྡུག་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པའི་དམག་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ། དཀའ་སྤྱད་སྦྱོང་བརྡར་དང་ཚན་རིག་དང་མཐུན་པའི་སྦྱོང་བརྡར། བདེ་འཇགས་སྦྱོང་བརྡར་བཅས་བྱས་ནས་བཀོད་འདོམས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། དམག་འཐབ་ཀྱི་འཇོན་ཐང་ཡག་པོ་སྦྱོང་བ། དམག་འཐབ་ཀྱི་སྤྱོད་ལམ་བརྟན་པོ་རྒྱུད་དུ་ལེན་པ་བཅས་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་དང་དམག་དོན་སྦྱོང་བརྡར་གྱི་ཕན་འབྲས་མཐོན་པོར་བརྟེན་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།