ཉིས་སྟོང་ཉེར་གཅིག་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་དུ་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ཉིས་བརྒྱ་དང་གྱ་གསུམ་གྱིས་ནུབ་རྒྱུད་གསར་སྤེལ་ཆེན་མོའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱད་དེ་ཁྲལ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་མེད་པར་བཏང་བའམ་ཇེ་ཉུང་དུ་བཏང་།
2022.01.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 13

ཉེ་སྔོན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ནུབ་རྒྱུད་ས་ཁུལ་གྱི་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་དང་ཁྱད་ཆོས་ཁྱད་སྟོབས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་བེད་སྤྱད་དེ། ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུའུ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་གྱི་ནུབ་རྒྱུད་ས་ཁུལ་གྱི་སྐུལ་མ་གཏོང་བའི་རིགས་ཀྱི་ཐོན་ལས་དང་ཁེ་ལས་གཏན་ཁེལ་གྱི་འབྲེལ་ཡོད་དོན་དག་སྐོར་གྱི་བརྡ་ཐོ་དཔར་ནས་བཀྲམ་པ་དང་། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་གཏན་འབེབས་བྱས་པའི་ནུབ་རྒྱུད་ས་ཁུལ་གྱི་སྐུལ་མ་གཏོང་བའི་རིགས་ཀྱི་ཐོན་ལས་དཀར་ཆག་དོན་འཁྱོལ་ཟབ་མོ་བྱས་ཏེ། རང་ཞིང་གི་ཁེ་ལས་ཀྱིས་སྲིད་ཇུས་ཀྱི་ཁེ་ཕན་བཟང་པོ་ལོངས་སུ་སྤྱོད་པར་དངོས་སུ་འགན་ལེན་བྱས་ནས། དཀར་ཆག་གི་ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱི་དཔྱ་ཁྲལ་ཇེ་ཉུང་དུ་གཏོང་ཆོག་པ་རྣམས་ཇེ་ཉུང་དང་། མེད་པར་གཏོང་ཆོག་པ་རྣམས་མེད་པར་བཏང་།

རྒྱུས་ལོན་པ་ལྟར་ན། ཉིས་སྟོང་ཉེར་གཅིག་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་དུ། ཞིང་ཆེན་ཡོངས་སུ་བསྡོམས་པས་ཁེ་ལས་ཉིས་བརྒྱ་དང་གྱ་གསུམ་གྱིས་ནུབ་རྒྱུད་གསར་སྤེལ་ཆེན་པོའི་ཁེ་ལས་ཐོབ་ཁྲལ་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་དང་། ཁེ་ལས་ཀྱི་ཐོབ་ཁྲལ་བརྒྱ་ཆའི་ཉེར་ལྔ་ནས་བརྒྱ་ཆའི་བཅོ་ལྔར་ཇེ་དམའ་རུ་བཏང་བས་བརྒྱ་ཆའི་བཅུ་ཇེ་ཉུང་དུ་སོང་ཡོད་ལ། སྔོན་དཔག་བྱས་ན་ཁེ་ལས་ཀྱི་ཐོབ་ཁྲལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་ཇེ་ཉུང་དུ་བཏང་ཡོད། ཁྲལ་དངུལ་དེ་དག་གཙོ་བོ་རྨང་གཞིའི་སྒྲིག་ཆས་དང་སྐྱེ་དངོས་སྨན་རྫས། ཚྭ་མཚོ་རྫས་འགྱུར་བཟོ་ལས། དག་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་ཀྱི་ལས་རིགས་ཁེ་ལས་དང་འབྲེལ་ཡོད། སྲིད་ཇུས་དེ་དོན་འཁྱོལ་བྱས་པ་ལས་ཁེ་ལས་ཀྱི་ཁེ་སྤོགས་ལེན་པའི་ནུས་པ་ཇེ་ཆེར་བཏང་བ་དང་། ཁེ་ལས་ཀྱི་ནང་གནས་སྒུལ་ཤུགས་ཇེ་དྲག་ཏུ་བཏང་སྟེ། རང་ཞིང་གི་ནུབ་རྒྱུད་གསར་སྤེལ་ཆེན་མོའི་རྣམ་པ་གསར་པ་ཆགས་པར་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད།