ཞིང་ཆེན་སྲིད་གཞུང་གིས་ཚོགས་ཆེན་གཉིས་ཀྱི་མཐུན་སྦྱོར་གྲོས་ཚོགས་བསྡུས།
2022.01.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 27

ཟླ་དང་པོའི་ཚེས་བཞི་ཉིན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དབྱང་ཀྲི་ཝུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་ཚོགས་ཆེན་གཉིས་ཀྱི་མཐུན་སྦྱོར་གྲོས་ཚོགས་བསྡུས་པ་དང་། གྲོས་ཚོགས་ཀྱི་ཞབས་ཞུའི་འགན་སྲུང་བྱ་བར་ཡང་བསྐྱར་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིན་དང་། ཞིང་ཆེན་སྲིད་གྲོས་གཞུང་སྒྲུབ་ཐིན་གྱིས་གྲོས་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་མཚམས་སྦྱོར་བྱས་པ་དང་། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་སོ་སོར་འབྲེལ་ཡོད་གྲ་སྒྲིག་བྱ་བའི་འཕེལ་རིམ་གནས་ཚུལ་སྙན་ཞུ་བྱས།

གྲོས་ཚོགས་ལས་བསྟན་དོན། ཅང་མི་འགོར་བར་ཚོགས་ལ་ཉེ་བའི་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་པ་གཉིས་ནི། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གནད་འགག་གི་ལོར་ཚོགས་པའི་གྲོས་ཚོགས་གལ་ཆེན་ཡིན་ལ། ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན། འབྲེལ་ཡོད་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་ནས་གྲ་སྒྲིག་བྱ་བ་དམ་འཛིན་དང་། ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོ། ཕན་འབྲས་མཐོན་པོ་རྒྱུན་འཁྱོངས་བྱས་ཏེ། དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་དང་འགན་འཁྲི་མཐའ་གཅིག་ཏུ་ཁུར་བའི་བྱ་བ་བྱེད་སྟངས་ཀྱིས། ལས་དོན་སོ་སོ་ནན་ཏན་གྱིས་བསྒྲུབ་ནས། ཚོགས་ཆེན་གཉིས་བདེ་ལེགས་ངང་བསྡུ་ཐུབ་པར་ཁག་ཐེག་བྱེད་དགོས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། འབྲེལ་ཡོད་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་བདེ་འཇགས་འགན་སྲུང་ཤུགས་དྲག་ཏུ་བཏང་ནས་གྲ་སྒྲིག་དམ་འཛིན་བྱེད་པ་དང་། རིམས་ནད་འགོག་སྡོམ་བྱ་བར་ལྷོད་གཡེང་མི་བྱེད་པ་དང་། བདེ་འཇགས་ཚད་མཐའ་བརྟན་སྲུང་ཡག་པོ་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་གཏན་འཇགས་རྒྱུན་འཁྱོངས་བྱས་ཏེ། ནོར་འཁྲུལ་གཏན་ནས་མི་འབྱུང་བར་ཁག་ཐེག་བྱེད་དགོས། བྱ་བའི་འགན་འཁྲི་དངོས་སྒྲུབ་བྱས་ནས་གྲ་སྒྲིག་བྱ་བ་དམ་འཛིན་དང་། འགན་འཁྲི་དངོས་འབེབས་བྱེད་ཤུགས་ཆེ་རུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་ཇེ་དྲག་ཏུ་གཏོང་བ་དང་། ཞིབ་ཚགས་དོ་དམ་ནན་མོ་བྱེད་དགོས་ལ། སྒྲིག་ཁྲིམས་ལག་བསྟར་བྱེད་ཤུགས་ཇེ་ཆེར་བཏང་ནས། ལས་དོན་སོ་སོ་འབྲེལ་མཐུད་ནུས་ལྡན་ཐུབ་པར་ཁག་ཐེག་བྱེད་དགོས། གསར་གཏོད་དྲིལ་སྒྲོག་གིས་གྲ་སྒྲིག་བྱ་བར་སྣེ་ཁྲིད་བྱེད་དགོས་པ་སྟེ། ཆབ་སྲིད་གཙིགས་སུ་འཛིན་པའི་བླང་བྱ་ཞིང་ཆེན་ཚོགས་ཆེན་གཉིས་ཀྱི་དྲིལ་སྒྲོག་བྱ་བའི་བརྒྱུད་རིམ་ཡོངས་དང་།  ཕྱོགས་སོ་སོ་དང་། གོ་རིམ་སོ་སོའི་ཁྲོད་དངོས་འབེབས་ཡོང་བར་བྱས་ནས། ཚོགས་ཆེན་གྱི་བརྗོད་གཞི་དང་དམ་དུ་སྦྲེལ་དགོས་པ་དང། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་གནས་བྱ་བར་དམིགས་ཏེ། གསར་གཏོད་ཡང་དག་དང་། འཆར་འགོད་ཞིབ་ཚགས་ལྡན་པ། མང་ཚོགས་དང་ཉེ་བ་དང་གྲུབ་འབྲས་གཙིགས་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ཚོགས་ཆེན་གཉིས་ཀྱི་དྲིལ་སྒྲོག་སྤུས་ཚད་ཧུར་ཐག་གིས་མཐོར་འདེགས་བཏང་ནས། ཚོགས་ཆེན་གཉིས་ཀྱི་དགོངས་དོན་སེམས་སུ་ངེས་པར་བྱེད་དགོས།

                                                                                     རིག་འཛིན་སྒྲོལ་མས་བསྒྱུར།