མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་རྒྱལ་ཁོངས་རྟོག་ཞིབ་ཐེངས་གསུམ་པའི་གཞི་གྲངས་གཙོ་བོའི་གྲུབ་འབྲས་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས།
2022.01.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

ཟླ་དང་པོའི་ཚེས་བཞི་ཉིན།  ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་སྒྲུབ་ཁང་གིས་རྒྱལ་ཡོངས་རྒྱལ་ཁོངས་རྟོག་ཞིབ་ཐེངས་གསུམ་པའི་གཞི་གྲངས་གཙོ་བོའི་གྲུབ་འབྲས་ཐད་ཀྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་བསྡུས་ཏེ་ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོར་རང་ཞིང་གི་ཞིབ་བཤེར་ཐེངས་གསུམ་པའི་བྱ་བའི་གནས་ཚུལ་གཙོ་བོ་ཁྱབ་བསྒྲགས་དང་མཚམས་སྦྱོར་བྱས།

མཚམས་སྦྱོར་བྱས་པ་ལྟར་ན།    རྒྱལ་ཡོངས་རྒྱལ་ཁོངས་རྟོག་ཞིབ་ཐེངས་གསུམ་པ་ནི་རང་རྒྱལ་དུས་རབས་གསར་པར་ཞུགས་སྐབས་ཀྱི་ཧ་ཅང་གལ་འགངས་ཆེ་བའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རྒྱལ་ཤུགས་ལ་ཞིབ་བཤེར་བྱེད་ཐེངས་ཤིག་ཡིན་པ་དང་།    རང་བྱུང་ཐོན་ཁུངས་སྒྲིག་གཞི་བཅོས་སྒྱུར་བྱས་རྗེས་སྤེལ་བའི་ཆེས་རྙོག་འཛིང་ཆེ་ཞིང་དང་ཧ་ཅང་གལ་ཆེ་བའི་རྨང་གཞི་རང་བཞིན་གྱི་བྱ་བ་ཞིག་ཡིན་པར་མ་ཟད།     ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱི་ཡོངས་ལ་འབྲེལ་བ་ཡོད་པ་དང་།   རྒྱལ་ཁབ་ཀྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོའི་འཆར་འགོད་དང་སྲིད་ཇུས་དང་བྱེད་ཐབས་གཙོ་བོ་གཏན་འབེབ་བྱེད་པའི་རྩ་བའི་གཞི་འཛིན་སའང་ཡིན།   ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་དགུ་པར་རང་ཞིང་གིས་རྒྱལ་ཁོངས་རྟོག་ཞིབ་ཐེངས་གསུམ་པ་དངོས་སུ་འགོ་བརྩམས་པའི་ཚུན་ལ།    ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བྱས་པ་དང་།   གཞི་གྲངས་ཀྱི་དོན་དངོས་རང་བཞིན་གཙོར་བྱེད་པ་ལས་སྔ་ཕྱི་གཅིག་མཐུན་གྱི་གཞི་གྲངས་རྫུན་བཟོ་མི་བྱེད་པའི་སྤྱིའི་བླང་བྱ་ལྟར།    དུས་ཡུན་ཉིན་སྟོང་གཅིག་ལྷག་གི་རིང་ལ།   བསྡོམས་པས་མི་སྟོང་གཅིག་དང་བཞི་བརྒྱ་རྩ་འཛུགས་བྱས་པ་དང་།    མ་དངུལ་སྒོར་དུང་ཕྱུར་གཅིག་བྱེ་བ་བཞི་ས་ཡ་བཞི་བཏང་སྟེ།    ཞིང་ཆེན་རིམ་པའི་གཅིག་གྱུར་འགྲོ་གྲོན་དང་གཅིག་གྱུར་ལག་རྩལ།  གཅིག་གྱུར་གྱི་སུ་འཇོན་དེ་འགུག་གི་རྣམ་པ་སྤྱད་པ་དང་།  གཞི་གྲངས་ཆེན་མོ་དང་སྤྲིན་རྩིས་སོགས་ཀྱི་མཐོ་གསར་ལག་རྩལ་བཀོལ་ནས་རྒྱལ་ཁོངས་རྟོག་ཞིབ་ཐེངས་གསུམ་པའི་བྱ་བའི་གོ་རིམ་ལ་ཚོད་འཛིན་བྱེད་ཐུབ་པ་དང་སྤུས་ཚད་ལ་ཡིད་རྟོན་བྱེད་ཆོག་པ།   གྲུབ་འབྲས་ངོ་མ་ཡིན་པ་བཅས་ལ་ནུས་ཡོད་སྒོས་འགན་སྲུང་བྱས་པ་དང་།    རྒྱལ་ཁོངས་རྟོག་ཞིབ་ཐེངས་གསུམ་པའི་བྱ་བའི་དམིགས་འབེན་ལས་འགན་སོ་སོ་བདེ་བླག་ངང་ཡོངས་འགྲུབ་བྱས་པར་མ་ཟད།   ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་རང་བྱུང་ཐོན་ཁུངས་ཀྱི་གནས་ཚུལ་མཐིལ་རྟོགས་བྱས།   རྟོག་ཞིབ་གྲུབ་འབྲས་ཀྱིས་རྒྱལ་ཁབ་རིམ་པའི་དཔྱད་ཞིབ་དང་ཆེད་དོན་ལྟ་ཞིབ་དང་ཕྱོགས་གསུམ་པའི་ལས་ཁུངས་ཀྱི་རྟོག་ཞིབ་བཅས་བདེ་བླག་ངང་ཡོངས་འགྲུབ་བྱས་ཏེ་རྟོག་ཞིབ་གཞི་གྲངས་ཀྱི་ཡང་དག་རང་བཞིན་དང་ཡིད་རྟོན་རང་བཞིན་ལ་འགན་སྲུང་བྱས།

རྒྱལ་ཡོངས་རྒྱལ་ཁོངས་རྟོག་ཞིབ་ཐེངས་གསུམ་པའི་གཞི་གྲངས་གཙོ་བོའི་གྲུབ་འབྲས་ལས་མངོན་པ་ལྟར་ན།   ཉིས་སྟོང་བཅུ་དགུ་ལོའི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་བར་དུ།   རང་ཞིང་གི་རྒྱལ་ཁོངས་རྟོག་ཞིབ་ཐེངས་གསུམ་པའི་གཞི་གྲངས་གཙོ་བའི་གྲུབ་འབྲས་ལྟར་ན།   ཞིང་ཆེན་ཡོངས་ཀྱི་རྨོ་ཞིང་གི་རྒྱ་ཁྱོན་ལ་སྤྱི་ཆིངས་འབུམ་ལྔ་དང་ཁྲི་དྲུག་སྟོང་བཞི་ཉིས་བརྒྱ་དང་།   འདེབས་འཛུགས་ར་བའི་ས་སྤྱོད་རྒྱ་ཁྱོན་ལ་སྤྱི་ཆིངས་ཁྲི་དྲུག་དང་སྟོང་གཉིས་དང་སུམ་བརྒྱ།    ནགས་སའི་རྒྱ་ཁྱོན་ལ་སྤྱི་ཆིངས་ས་ཡ་བཞི་དང་འབུམ་དྲུག་སྟོང་གསུམ་ཉིས་བརྒྱ།    རྩྭ་སའི་རྒྱ་ཁྱོན་ལ་སྤྱི་ཆིངས་བྱེ་བ་གསུམ་དང་ས་ཡ་དགུ་འབུམ་བཞི་ཁྲི་བདུན་དང་བརྒྱད་བརྒྱ།   བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིངས་ས་ཡ་ལྔ་དང་འབུམ་གཅིག་སྟོང་གཅིག་དང་ཉིས་བརྒྱ།      གྲོང་ཁྱེར་དང་གྲོང་རྡལ། སྡེ་བ།  དེ་མིན་གཏེར་ཁའི་ས་སྤྱོད་རྒྱ་ཁྱོན་ལ་སྤྱི་ཆིངས་འབུམ་གསུམ་དང་ཁྲི་དྲུག་དང་སྟོང་བདུན་བརྒྱད་བརྒྱ།   འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ས་སྤྱོད་རྒྱ་ཁྱོན་ལ་སྤྱི་ཆིངས་འབུམ་བཞི་དང་ཁྲི་བཞི་ལྔ་བརྒྱ།   ཆུ་ཁོངས་དང་ཆུ་བེད་སྒྲིག་ཆས་ཀྱི་ས་སྤྱོད་རྒྱ་ཁྱོན་ལ་སྤྱི་ཆིངས་ས་ཡ་གཉིས་དང་འབུམ་བཞི་ཁྲི་བཞི་སྟོང་དྲུག་དང་དྲུག་བརྒྱ་བཅས་ཡོད།

                                                                                                                ལྷ་མོ་ཚེ་རིང་གིས་བསྒྱུར།