ལིས་ཁི་ཆང་གིས་འགོ་འཛིན་བྱས་ཏེ་དཔྱ་ཁྲལ་དང་གླ་རིན་ཉུང་གཏོང་གི་བཞུགས་མོལ་ཚོགས་འདུ་བསྡུས།
2022.01.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 261

ཟླ་དང་པོའི་ཚེས་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་བྱས་ཏེ་དཔྱ་ཁྲལ་དང་གླ་རིན་ཉུང་གཏོང་གི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚོགས་འདུར་ཞུགས།

ཚོགས་ཐོག་ནས་ནོར་སྲིད་པུའུ་དང་ཁྲལ་དོན་སྤྱི་ཁྱབ་ཅུའུ་ཡིས་བྱ་བའི་སྙན་ཞུ་ཕུལ་བ་དང་། ཆེད་མཁས་པ་ལིའུ་ཧྲང་ཞི་དང་ལིའུ་དབྱི་གཉིས་ཀྱིས་གཏམ་བཤད། དེ་མིན་ད་དུང་ལེའོ་ཉིང་དང་ཅང་སུའུ། ཨན་ཧོས། ཧྲན་ཏུང་། ཀན་སུའུ་ཞིང་ཆེན་བཅས་སྲིད་གཞུང་གི་འགན་འཁུར་བ་གཙོ་བོས་བརྙན་ལམ་བརྒྱུད་དེ་གཏམ་བཤད་བྱས།

ལིས་ཁི་ཆང་གིས་བཤད་རྒྱུར། གཞི་ཁྱོན་ལྡན་པའི་སྒོ་ནས་དཔྱ་ཁྲལ་དང་གླ་རིན་ཉུང་གཏོང་བྱེད་རྒྱུ་ནི་སྤྱི་ཁོག་སྙོམས་སྒྲིག་གི་གནད་འགག་རང་བཞིན་གྱི་བྱེད་ཐབས་ཤིག་ཡིན། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། ཉེ་བའི་ལོ་འདི་དག་གི་རིང་ལ། རྙོག་འཛིང་དང་ཛ་དྲག་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་ལ་དམིགས་ཏེ། ང་ཚོས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་དང་སྤྱི་ཁོག་སྙོམས་སྒྲིག་བྱེད་ཐབས་གསར་གཏོད། དཔྱ་ཁྲལ་དང་གླ་རིན་ཉུང་གཏོང་ལས་དོན་ཀུན་གྱི་སྔོན་ལ་བསྒྲུབས་ནས། ཁྲོམ་ར་གཙོ་བོའི་དཀའ་ངལ་སེལ་བ་དང་གསོན་ཤུགས་འཕེལ་བར་གཞོགས་འདེགས་བྱས་ཏེ། དཔལ་འབྱོར་བརྟན་པོའི་ངང་འཕར་བ་དང་ལས་ཞུགས་འགན་ལེན་བྱེད་པར་སྐུལ་འདེད་བཏང་ཡོད།

ལིས་ཁི་ཆང་གིས་བཤད་རྒྱུར། དཔྱ་ཁྲལ་དང་གླ་རིན་ཉུང་གཏོང་གི་བྱེད་ཕྱོགས་ཀྱིས་འབུར་དུ་ཐོན་པའི་སྒོ་ནས་བཟོ་སྐྲུན་ལས་རིགས་ཀྱི་རིམ་སྤོར་དང་ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་དང་དེ་བཞིན་སྒེར་གཉེར་བཟོ་ཚོང་ཁྱིམ་ཚང་ལ་དམིགས་བཀར་རྒྱབ་སྐྱོར་བྱས་ནས། འཕར་སྣོན་དཔྱ་ཁྲལ་ལམ་ལུགས་བཅོས་སྒྱུར་དང་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་རྩིས་འཐེན་སོགས་བྱེད་དགོས་པར་མ་ཟད། དུས་རིམ་རང་བཞིན་གྱི་སྤྱི་ཚོགས་འགན་བཅོལ་གྲོན་དངུལ་ཉུང་གཏོང་བྱས་ནས། ཁྲོམ་ར་གཙོ་བོ་འབོར་ཆེན་ཞིག་ཐོན་པར་བྱས་པས། ཁྲལ་ཁུངས་སྐྱེད་སྲིང་དང་ཁྲལ་དོན་རྨང་གཞི་ཆེ་རུ་བསྐྱེད་པའི་ནུས་པ་ཐོན་ནས། ཕན་འབྲས་གང་བཟང་ཐོན་ཡོད།

ལིས་ཁི་ཆང་གིས་བཤད་རྒྱུར། དཔལ་འབྱོར་མར་འགྲིབ་པའི་གནོན་ཤུགས་གསར་པར་དམིགས་ཏེ། བརྟན་འཇགས་དྲུག་དང་འགན་སྲུང་དྲུག་གི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་། ཁྲོམ་ར་གཙོ་བོའིདགོས་མཁོར་དམིགས་ཏེ། སྡེབ་སྒྲིག་རྣམ་པའི་དཔྱ་ཁྲལ་དང་གླ་རིན་ཉུང་གཏོང་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་ནས། དུས་ཚིགས་དང་པོའི་དཔལ་འབྱོར་བརྟན་པོ་ཡོང་བ་དང་སྤྱི་ཁོག་དཔལ་འབྱོར་བརྟན་པོ་ཡོང་བར་འགན་ལེན་བྱེད་དགོས། དུས་སུ་བབས་པའི་དཔྱ་ཁྲལ་དང་གླ་རིན་ཉུང་གཏོང་གི་བྱེད་ཐབས་རྒྱུན་འཁྱོངས་བྱས་ནས། ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་རྩིས་འཐེན་དང་འཕར་སྣོན་ཁྲལ་སློག་གི་ནུས་པ་ཆེ་རུ་བཏང་སྟེ། རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་ཚད་ཆེ་བའི་ཞབས་ཞུའི་ལས་རིགས་སོགས་དཀའ་ངལ་ཡོད་པའི་ལས་རིགས་ལ་གནད་འཁེལ་རོགས་སྐྱོར་བྱེད་དགོས། སྲིད་གཞུང་གིས་གྲོན་ཆུང་ངངའཚོ་བ་རོལ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཚོང་རའི་གྲུབ་ཆ་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བར་བྱེད་པ་དང་རེ་ལྟོས་ཡོད་པར་བྱེད་དགོས། རྒྱལ་ཁབ་ཀྱིས་ས་གནས་ལ་གཏོང་སྤྲོད་སྤོ་བསྒྱུར་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། ས་གནས་ཁག་གིས་ཀྱང་དེ་བསྟུན་གྱི་བྱེད་ཐབས་འདོན་དགོས། ཁྲལ་སྐུང་ཁྲལ་ཆད་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་རྒྱུ་དང་། གྲོན་དངུལ་གང་བྱུང་དུ་བསྡུ་བའི་སྣང་ཚུལ་ལ་བཀག་འགོག་བྱེད་དགོས། ས་གནས་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དོན་འཁྱོལ་བྱས་ནས། བརྟན་པོ་ཡོང་རྒྱུ་གཙོ་བོར་བྱེད་པ་དང་བརྟན་ཐོག་ཡར་འཕེལ་སྒོས་ལས་དོན་ཁག་ཡག་པོ་སྒྲུབ་ནས། དཔལ་འབྱོར་རྒྱུན་མཐུད་དང་བདེ་ཐང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

ཧུའུ་ཁྲུན་ཧྭ་དང་ལིའུ་ཧི། ཝང་ཡུང་། ཞའོ་ཅེ། ཀྲའོ་ཁི་ཀྲི། ཧི་ལིས་ཧྥུན་བཅས་ཐེངས་འདིའི་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།