མཚོ་སྔོན་རྨ་སྟོད་ཀྱི་དགུ་པའི་ཉེར་གཉིས་ཉིན་གྱི་ས་འགུལ་རྗེས་ཀྱི་བསྐྱར་འཛུགས་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས་དགུ་པ་བསྡུས།
2022.01.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་དང་པོའི་ཚེས་ལྔ་ཉིན། མཚོ་སྔོན་རྨ་སྟོད་ཀྱི་དགུ་པའི་ཉེར་གཉིས་ཉིན་གྱི་ས་འགུལ་རྗེས་ཀྱི་བསྐྱར་འཛུགས་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་ཐེངས་དགུ་པ་བསྡུས་པ་དང་། ཉིས་སྟོང་ཉེར་གཅིག་ལོའི་ས་འགུལ་རྗེས་ཀྱི་བསྐྱར་འཛུགས་བྱ་བ་ལེགས་འགྲུབ་བྱས་པའི་གནས་ཚུལ་སྤྱི་སྡོམ་བྱས་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་ལས་འགན་གལ་ཆེན་ལབཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ། བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། གནོད་འཚེ་ཐེབས་རྗེས་བསྐྱར་འཛུགས་བྱས་པའི་ཚུན་ལ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་རང་འགུལ་གྱིས་ཁག་ཁུར་དང་བྱས་རྗེས་བཞག་ནས་ཕན་འབྲས་ལྡན་པའི་བྱ་བ་གང་མང་བསྒྲུབས་པ་དང་། གནོད་ཐེབས་མང་ཚོགས་ཀྱིས་དྲོད་ཁོལ་ལྡན་པའི་ངང་དགུན་ཁ་སྐྱེལ་བར་ཁག་ཐེག་བྱེད་པར་འགྱུར་མེད་ཀྱི་འགན་སྲུང་འདོན་སྤྲོད་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ད་ལོ་ནི་རྨ་སྟོད་ས་འགུལ་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་ལས་འགན་ཆེས་ལྗིད་ཅིང་ཆེས་གནད་འགག་གི་སྐབས་ཀྱི་ལོ་ཞིག་ཡིན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་ལོ་སྟོད་ལ་ལས་གཞི་ཁ་ཚང་འགོ་རྩོམ་པ་དང་། ལོ་མཇུག་ལ་ལས་གཞི་ཕལ་ཆེར་ལེགས་འགྲུབ་བྱེད་པ། བསྐྱར་འཛུགས་ལ་གྲུབ་འབྲས་གལ་ཆེན་ལེན་པའི་དམིགས་འབེན་གཏན་ཁེལ་བྱས་ཏེ། གནོད་འཚེའི་རྗེས་ཀྱི་བྱ་བའི་ལས་འགན་ཁག་ཏན་ཏན་ཏིག་ཏིག་གིས་སྒྲུབ་ནས་ད་ལོའི་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་བྱ་བར་གོང་འཕེལ་ཆེན་པོ་བླངས། ལས་རིགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་ལས་གཞིའི་ཞིབ་བཤེར་རྐྱེན་སྲོལ་ལག་བསྟར་བྱས་ནས་ཟླ་གསུམ་པའི་ཟླ་མཇུག་ཏུ་ལས་གཞིའི་དུས་རིམ་སྔོན་མའི་བྱ་བ་ཕལ་ཆེར་འགྲུབ་པར་བྱེད་དགོས། མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་དོ་དམ་ཚད་ལྡན་དང་རྩིས་བཤེར་ལྟ་སྐུལ་དོ་དམ་བྱེད་པ། ནོར་སྲིད་དཔལ་འབྱོར་སྒྲིག་ལམ་ནན་མོ་བྱེད་དགོས། བསྐྱར་འཛུགས་དང་འཕེལ་རྒྱས་ལ་གཅིག་འདོམས་བྱས་ནས་གནོད་ཐེབས་རྗེས་ཀྱི་བསྐྱར་འཛུགས་དང་ཐོན་ལས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་ཁག་ཐེག་བྱེད་དགོས། བསྐྱར་འཛུགས་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འབྲེལ་བ་ཐག་གཅོད་བཟང་པོ་བྱེད་པ་དང་གང་བྱུང་དུ་ས་རྐོ་རྡོ་སློག་བྱེད་པ་གཏན་འགོག་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་བྱ་བའི་བླང་བྱ་ཁྱོན་ཡོངས་ནས་དངོས་འབེབས་བྱེད་དགོས། ལས་གཞིའི་སྤུས་ཚད་དང་བདེ་འཇགས་དོ་དམ་ལ་ཤུགས་བསྣན་ནས་བཟོ་སྐྲུན་གྱི་སྤུས་ཚད་དང་བདེ་འཇགས་ཐད་གནད་དོན་མི་འབྱུང་བར་བྱེད་དགོས།

མི་ཕམ་མགོན་པོས་བསྒྱུར།