རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་པེ་ཅིང་ནས་ཚོགས།
2022.01.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 41

རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་ཚེས་ལྔ་ཉིན་པེ་ཅིང་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་བསུ་མ་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་གཙོ་ཐིག་ལ་དམིགས་ནས། བསམ་བློ་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་པ་དང་། འཐབ་ལམ་གསར་བར་བསྐྱོད་པ་དང་དུས་རབས་གསར་བའི་ནང་བྱས་རྗེས་འཇོག་པའི་ཐད་བསམ་བློའི་འགན་སྲུང་བརྟན་པོ་དང་དགོངས་དོན་ཀྱི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེན་འཛིན་གསར་གཏོད་བྱས་ནས་བསམ་བློ་དྲིལ་སྒྲོག་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དང་། མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ཕྱིར་བཏོན་ལ། བསམ་བློ་དྲིལ་སྒྲོག་བྱ་བ་དང་འབྲེལ་བའི་ཁ་ཕྱོགས་རང་བཞིན་དང་རྩ་བའི་རང་བཞིན། འཐབ་ཇུས་རང་བཞིན་ཀྱི་དྲི་བར་ལན་བཏབ་ནས། དུས་རབས་གསར་བའི་བསམ་བློ་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱེད་དགོས། ང་ཚོས་སློབ་སྦྱོང་རྒྱུས་ལོན་ཟབ་མོ་བྱེད་པ་དང་ལག་བསྟར་དམ་འཛིན་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོའི་བསམ་བློ་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ནས། གཏན་ཁེལ་གཉིས་ཀྱི་ཐག་གཅོད་རང་བཞིན་དོན་སྙིང་འབུར་དུ་ཐོན་པར་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་སེམས་སུ་སིམ་པར་བྱེད་པ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རང་རྟོགས་སྒོས་ཏང་གི་གསར་གཏོད་གཞུང་ལུགས་ཀྱི་བརྩི་སྲུང་བ་དང་ལག་ལེན་པ་བྱེད་པར་སྣེ་ཁྲིད་བྱེད་དགོས། སེམས་ཤུགས་གཅིག་ཏུ་བསྡུས་ནས་གསར་འགྱུར་དྲིལ་སྒྲོག་དང་རིག་རྩལ་དྲིལ་སྒྲོག སྤྱི་ཚོགས་དྲིལ་སྒྲོག་སོགས་བྱ་བ་བཟང་བོར་བསྒྲུབ་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་བསྡུ་བའི་ཐད་སྣང་ཚུལ་སྟུག་པོ་བསྐྲུན་དགོས། སྤུས་ལེགས་རིག་གནས་ཐོན་རྫས་དང་ཞབས་ཞུ་མཁོ་འདོན་བྱེད་ཚད་ཇེ་ཆེར་བཏང་སྟེ། མི་དམངས་ལ་བསམ་པའི་རྒྱགས་ཕྱེ་སྔར་ལས་མང་པོ་འདོན་སྤྲོད་བྱེད་དགོས། ཕྱི་ཕྱོགས་དྲིལ་སྒྲོག་གསར་གཏོད་ལ་སྐུལ་འདེད་བཏང་ནས། རྒྱལ་སྤྱིའི་དྲིལ་སྒྲོག་ཕན་ནུས་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་དགོས། བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱི་ཏང་གི་འགོ་ཁྲིད་དང་ཏང་གི་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་བསྣན་ནས། རིམ་པ་སོ་སོའི་འགོ་ཁྲིད་ཚན་ཁག་དང་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་སྡེ་འཛུགས་སྐྲུན་དམ་འཛིན་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧུང་ཁུན་མེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས་པར་མ་ཟད་བྱ་བར་བཀོད་སྒྲིག་བྱས་ནས་ནན་གྱིས་བསྟན་དོན། ད་ལོའི་བྱ་བ་གལ་ཆེན་བཟང་བོར་བསྒྲུབ་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། གཏན་འཇགས་ཁྲོད་འཕེལ་རྒྱས་བརྩོན་ལེན་བྱེད་པ་དང་བདེན་འཛིན་གསར་གཏོད་བྱེད་པ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་བསུ་མ་དང་དྲིལ་སྒྲོག ལག་བསྟར་བྱེད་པའི་གཙོ་ཐིག་ལ་དམ་དུ་དམིགས་ནས་བསམ་བློ་དྲིལ་སྒྲོག་བྱ་བ་འཆར་འགོད་བཟང་བོ་བྱེད་པ་དང་བྱ་བ་དེ་བཟང་བོར་སྤེལ་དགོས། བསམ་བློའི་དར་ཆ་མཐོན་པོར་བསྒྲེང་བ་དང་མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུ་བ། སྟོབས་ལྡན་རྒྱལ་ཁབ་ཀྱི་བླ་སྲོག་བསྐྲུན་པ། བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་འདིངས་པ། གཞུང་ལུགས་ཀྱི་དྲག་ཆས་སྤྲས་པ་དང་གསར་འགྱུར་དཔེ་སྐྲུན། རིག་གནས་རིག་རྩལ། བསམ་པའི་དཔལ་ཡོན་འཛུགས་སྐྲུན། རྒྱལ་སྤྱིའི་དྲིལ་སྒྲོག་སོགས་བྱ་བ་སྣ་ཚོགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་བརྩོན་སེམས་ཆེར་སྐྱེད་དེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཡིད་ཆེས་བརྟན་པོས་འཐབ་ལམ་གསར་བར་བསྐྱོད་པ་དང་དུས་རབས་གསར་བའི་ནང་བྱས་རྗེས་འཇོག་པར་སྐུལ་སློང་གཏོང་དགོས། བསམ་བློ་དྲིལ་སྒྲོག་འཐབ་ཕྱོགས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ཏང་གི་འཁྲོ་ཁྲིད་དེ་བྱ་བའི་ཕྱོགས་སོ་སོ་ལག་བསྟར་བྱས་ནས། དུས་རབས་ཀྱིས་བསྩལ་བའི་འགན་འཁྲི་ཕྲག་ཏུ་ལེན་དགོས།

རིན་ཆེན་མཚོས་བསྒྱུར།