ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་གཅིག་པ་བསྡུས།
2022.01.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 21

ཟླ་དང་པོའི་ཚེས་བདུན་ཉིན། ཞིང་ཆེན་སྲིད་གྲོས་ཀྱིས་སྐབས་བཅུ་གཉིས་པའི་རྒྱུན་ལས་གྲོས་ཚོགས་ཐེངས་ཉེར་གཅིག་པ་བསྡུས་པ་དང་། རྡོ་རྗེ་རབ་བརྟན་གྱིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། རིན་ཆེན་རྣམ་རྒྱལ་དང་ཏུའུ་ཅེ། ཀྲང་ཝུན་ཁུའེ། མཱ་ཧེ་དབྱིན། ཝང་ཞུན། ཏུའུ་ཏི་ཀྲི། ཝང་ཀྲུན་ཁྲང་། ཀྲང་ཞའོ་རོང་། མཱ་ཧྥིན་ཧྲིན། ལིའུ་ཏ་ཡེ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མི་རེ་བཞི་གྲོས་ཚོགས་ལ་ཞུགས། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ་གདན་ཞུ་བྱས་པ་ལྟར་གྲོས་ཚོགས་ལ་ཟུར་ཞུགས་བྱས།

གྲོས་ཚོགས་སྟེང་ཀྲུང་གུང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཅིག་པའི་དགོངས་དོན་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་བསྡུ་བའི་འབྲེལ་ཡོད་ཆོད་དོན་འཆར་ཟིན་དང་ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་ཟླ་དང་པོའི་ཚེས་ཉི་ཤུ་ཉིན་ཟི་ལིང་དུ་བསྡུ་བར་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་རིམ་འཆར་ཟིན་དང་ཉིན་རིམ། སྙན་ཞུ་མི་སྣའི་མིང་ཐོ། ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་གི་བྱ་བའི་འཆར་འགོད་སྙན་ཞུ་དང་གྲོས་གཞི་འདོན་པའི་བྱ་བའི་སྙན་ཞུའི་འཆར་ཟིན་བཅས་ལ་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་སྲིད་གྲོས་ཀྱི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་རེད། འབྲེལ་ཡོད་མི་དོན་བྱ་བར་གྲོས་ཞིབ་བྱས་པར་མ་ཟད་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ལོ་ཧྲིལ་བོའི་བྱ་བའི་སྙན་ཞུ་དང་ཏང་ཡོན་རྒྱུན་ལས་འཐུས་མིའི་ལས་འགན་སྙན་ཞུར་ཉན།

གྲོས་ཚོགས་སྟེང་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོར། ཞིང་ཆེན་སྲིད་གྲོས་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་དམིགས་ནས་ལས་འགན་ལག་བསྟར་དང་འགན་འཁྲི་དོན་འཁྱོལ་བྱས་ཏེ། སྔོན་ཐོན་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་ལ་སྐུལ་འདེད་གཏོང་བ་དང་། གནས་བཞི་འཛུགས་སྐྲུན་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་ཤུགས་ཇེ་མགྱོགས་སུ་གཏོང་བར་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད་།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་ལས་འགན་ཁག་ཁུར་ཇེ་དྲག་ཏུ་གཏོང་དགོས་ལ། ལས་འགན་ལག་བསྟར་དང་གྲོས་ཚོགས་ཀྱི་སྲོལ་བཟང་དང་སྒྲིག་ལམ་ནན་མོ་འཛིན་པ། རིམས་ནད་འགོག་སྡོམ་གྱི་བླང་བྱ་སོགས་དངོས་འབེབས་བྱས་ཏེ། ཆབ་སྲིད་ཐད་ཀྱི་ཚད་མཐོའི་ལས་འགན་སྒྲུབ་སེམས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཚོགས་ཆེན་གཉིས་ལེགས་པར་བསྡུ་དགོས། ཉིས་སྟོང་ཉེར་གཉིས་ལོའི་གཙོ་གནད་སྲིད་གླེང་བྱ་བར་སྔ་མོ་ནས་འཆར་འགོད་དང་མགོ་བརྩམས་ནས་སྲིད་གྲོས་ཀྱི་བརྗོད་དོན་དང་དམ་དུ་སྦྲེལ་ནས་གཅིག་གྱུར་བཀོད་སྒྲིག་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས་བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་དགོས་ལ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་ཞབས་འདེགས་སྔར་ལས་བཟང་བོ་ཞུ་དགོས།། རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཀྱི་གྲ་སྒྲིག་བྱ་བ་ལེགས་པར་སྒྲུབ་པ་དང་མཚོ་སྔོན་གྱི་གཏམ་རྒྱུད་ལེགས་པར་འཆད་པ། མཚོ་སྔོན་གྱི་བསམ་ཚུལ་ལེགས་པར་བཤད་ནས་རང་རེའི་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་དོ་སྣང་དང་རྒྱབ་སྐྱོར་བྱེད་པར་སྐུལ་འདེད་གཏོང་དགོས།

མི་ཕམ་མགོན་པོས་བསྒྱུར།