ཟླ་གཉིས་པའི་ཚེས་བཅུ་དགུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཨ་ཀིན་ཐེན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་རྣམ་གཉིས་ཀྱིས་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་ལོན་པར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཨ་ཀིན་ཐེན་བར་གྱི་མཛའ་མཐུན་འགྲོ་འོང་ཆུ་བོའི་རྒྱུན་བཞིན་རིང་། འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཙམ་གྱི་རིང་ལ། ཀྲུང་གོ་དང་ཨ་ཀིན་ཐིན་བར་གྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་སོང་བ་དང་ཁྱབ་ཁོངས་སོ་སོའི་མཉམ་ལས་སྔར་ལས་ཇེ་མང་དུ་སོང་། པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་ལ་རོགས་རེས་བྱས་ནས། ཀྲུང་གོ་དང་ཨ་ཀིན་ཐེན་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་བཏང་།
ཞི་ཅིན་ཕིང་གིས་བསྟན་དོན། ཅང་མ་འགོར་བའི་སྔོན་ལ། ངས་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་ལ་པེ་ཅིང་ཨོ་རྩལ་འགྲན་ཚོགས་སྐབས་སུ་ཐུག་འཕྲད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་ལ་མཉམ་དུ་ཇུས་གཞི་གསར་བ་བཀོད་པ་དང་། ཉིས་སྟོང་ཉེར་གཉིས་ལོའི་ཀྲུང་གོ་དང་ཨ་ཀིན་ཐེན་བར་གྱི་མཛའ་མཐུན་མཉམ་ལས་ལོ་འགོ་བརྩམས་པ་ཁྱབ་སྒྲོག་བྱས། ངས་ཀྲུང་གོ་དང་ཨ་ཀིན་ཐེན་བར་གྱི་འབྲེལ་བའི་འཕེལ་རྒྱས་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་ཙུང་ཐུང་ཧྥེ་ཨར་ནན་ཏི་སི་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཨ་ཀིན་ཐེན་བར་གྱི་མཉམ་ལས་རྒྱ་བསྐྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།
ཧྥེ་ཨར་ནན་ཏི་སི་ཡིས་བཤད་དོན། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ལྔ་བཅུ་འགོར་བའི་སྐབས་སུ། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྤུན་ཟླ་ལྟ་བུའི་ཀྲུང་གོ་མི་དམངས་ལ་ཨ་ཀིན་ཐེན་མི་དམངས་ཀྱིས་བཅངས་པའི་བརྩེ་སེམས་ཟབ་མོ་བརྒྱུད་སྒྲོག་བྱས་པ་ཡིན། འབྲེལ་བ་བཙུགས་པའི་ཚུན་ལ། ཨ་ཀིན་ཐེན་དང་ཀྲུང་གོ་བར་གྱི་རིག་གནས་དང་ཚན་རྩལ། དཔལ་འབྱོར་བརྗེ་རེས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད། ཨ་ཀིན་ཐེན་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་གནད་འགག་དུས་སྐབས་སུ་ཕན་ཚུན་རོགས་རེས་བྱས་པར་ལྷག་བསམ་རྣམ་དག་སྒོས་བཀའ་དྲིན་ཞུས་པ་ཡིན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་ཨ་ཀིན་ཐེན་དང་ཀྲུང་གོའི་བར་གྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་དམངས་བར་གྱི་མཛའ་བཤེས་སྔར་ལས་ཇེ་ཟབ་ཏུ་འགྲོ་བར་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།
བཀྲ་ཤིས་འབུམ་གྱིས་བསྒྱུར།