པེ་ཅིང་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་བའི་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས།
2022.03.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 148



ཟླ་གསུམ་པའི་ཚེས་བཅུ་གསུམ་གྱི་དགོང་མོར། པེ་ཅིང་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་བའི་མཛད་སྒོ་རྒྱལ་ཁབ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས། པར་འདི་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚང་མར་ཕྱག་བརྡ་གནང་བའི་ཚུལ་རེད། 

པེ་ཅིང་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་བའི་མཛད་སྒོ་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་རྒྱལ་ཁབ་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་བསྡུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཝང་ཆི་ཧྲན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་། རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕ་སིན་སི་མཇུག་སྒྲིལ་མཛད་སྒོར་ཞུགས།

པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་བསྒྲུབས་རྗེས། པེ་ཅིང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱིས་འགྲན་བསྡུར་བྱ་བར་རྩ་འཛུགས་བྱས་པ་བཟང་ཞིང་གེགས་མེད་སྒྲིག་ཆས་འཐུས་ཚང་དུ་བཏང་བ་དང་། མི་གཤིས་ཅན་གྱི་ཞབས་ཞུའི་རྣམ་པ་ལྡན་པས། ལུས་རྩལ་པ་དང་རྩལ་ཁྲིད་པ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཟེངས་བསྟོད་ཐོབ། འདས་པའི་ཉིན་དགུའི་ནང་རྒྱལ་ཁབ་དང་ས་ཁུལ་ཞེ་དྲུག་ནས་ཡོང་བའི་དབང་བོ་སྐྱོན་ཅན་ལུས་རྩལ་པ་དྲུག་བརྒྱ་ཙམ་གྱིས་རབ་ཏུ་རྒྱས་པའི་སྤྲོ་སེམས་ལོངས་སུ་སྤྱད་པ་དང་སྤོབས་པ་ཆེན་པོས་ནུས་རྩལ་ངོམ་པར་མ་ཟད་ཞུམ་པ་མེད་པ་དང་སྤྲོ་སྐྱིད་བརྩོན་ལེན་གྱི་སྙིང་སྟོབས་མངོན་པར་བྱས། ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པས་གསེར་གྱི་རྟགས་མ་བཅོ་བརྒྱད་དང་བསྡོམས་པས་རྟགས་མ་རེ་གཅིག་བླངས་པས། གསེར་གྱི་རྟགས་མ་དང་རྟགས་མའི་བསྡོམས་གྲངས་ཀྱི་ཨང་དང་པོ་ཟིན་པ་དང་། དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགན་ཚོགས་ལ་ཞུགས་པའི་ཚུན་ལ་ཆེས་བཟང་བའི་གྲུབ་འབྲས་བསྐྲུན།

ཞི་བདེ་དང་ལས་དབང་གཅིག་མཐུན་ཚོགས་པ་ཞེས་པའི་རོལ་མོའི་ཁྲོད་དུ་ཞི་ཅིན་ཕིང་དང་ལྕམ་མོ་ཕིན་ལིས་ཡོན། ཕ་སིན་སི་སོགས་ཀྲུའུ་ཞི་སྟེགས་བུའི་སྟེང་ཕེབས་ཏེ་ལྟད་མོ་བ་རྣམས་ལ་ཕྱག་བརྡ་གནང་བས་ཚོགས་ར་ཡོངས་སུ་ཐལ་མོ་རྡེབ་སྒྲས་ཁེངས།

སྙན་འཇེབས་ཀྱི་རོལ་མོ་དང་བསྟུན་ནས་མཇུག་སྒྲིལ་མཛད་སྒོ་དངོས་སུ་འགོ་བརྩམས་པ་དང་། ཚང་མ་ཡར་ལངས་ཏེ་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་དུ་སྐར་ལྔའི་དར་དམར་ཡར་བསྒྲེངས།

གསར་དུ་བདམས་པའི་རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་ལུས་རྩལ་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གཉིས་ཚོགས་རའི་དཀྱིལ་དབུས་སུ་སོང་ནས། པེ་ཅིང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་དང་བླངས་པའི་འཐུས་མི་དྲུག་ལ་མེ་ཏོག་ཕུལ་བར་མ་ཟད། དང་བླངས་མཁན་གྱིས་དཀའ་སྤྱད་འབད་བརྩོན་བྱས་པར་བཀའ་དྲིན་ཆེ་ཞུས།

རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཚོགས་དར་སྤྲོད་ལེན་མཛད་སྒོ་དངོས་སུ་འགོ་བརྩམས། དེའི་རྗེས་སུ་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཚེ་ཆི་ཡིས་ཤིས་ཚིག་ཕུལ། ཁོས་བཤད་དོན། ནམ་ཡང་བརྗེད་དཀའ་བའི་ཉིན་དགུའི་ནང་། འཛམ་གླིང་གི་ས་གནས་སོ་སོ་ནས་ཡོང་བའི་ལུས་རྩལ་པས་ཞུམ་པ་མེད་པའི་སྙིང་སྟོབས་ལ་བརྟེན་ནས་དབང་བོ་སྐྱོན་ཅན་གྱི་ཕུགས་འདུན་མངོན་འགྱུར་བྱས་པ་དང་། སྤྲོ་སྐྱིད་ཡར་ཐོན་གྱི་མི་ཚེ་ཉམས་འགྱུར་དང་འདྲ་མཉམ་རང་སྟོབས་ཀྱི་མི་ཚེ་ལ་རྒྱ། སྤོབས་པ་ཆེར་བསྐྱེད་ཀྱི་བསམ་བློའི་སྟོབས་ཤུགས་མངོན་པར་བྱས། དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཁོངས་མི་ཡོངས་ཀྱིས་མཐུན་སྒྲིལ་རོགས་ལས་བྱས་པ་དང་། སྨྱན་བྱད་ཀྱིས་བརྒྱུད་གཏོང་དང་དྲིལ་སྒྲོག་གང་ལེགས་བྱས་ནས། འཛམ་གླིང་ཡོངས་ལ་ནང་དོན་ཕུན་སུམ་ཚོགས་པའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་པ་མངོན་པར་བྱས། ང་ཚོས་མུ་མཐུད་དུ་སྤོབས་སེམས་དང་ཆོད་སེམས། སྐུལ་ལྕག འདྲ་མཉམ་སོགས་ཀྱི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་རིན་ཐང་ལྟ་བ་དར་སྤེལ་བྱེད་པ་དང་། ལག་རྡང་སྦྲེལ་ཏེ་དབང་བོ་སྐྱོན་ཅན་ལས་དོན་སྔར་ལས་འཕེལ་རྒྱས་སུ་གཏོང་ངེས་ཡིན།

རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཕ་སིན་སི་ཡིས་ཤིས་ཚིག་ཕུལ། ཁོས་བཤད་དོན། པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་དང་ཀྲུང་གོ་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ལ་བཀའ་དྲིན་ཆེ་ཞུ་བ་ཡིན། མཇུག་མཐར་ཕ་སིན་སི་ཡིས་པེ་ཅིང་ཉིས་སྟོང་ཉེར་གཉིས་ལོའི་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་མཇུག་སྒྲིལ་བ་ཁྱབ་སྒྲོག་བྱས།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། པེ་ཅིང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་མཇུག་སྒྲིལ་མཛད་སྒོར་ཞུགས།

རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་བ་སོགས་མཇུག་སྒྲིལ་མཛད་སྒོར་ཞུགས།

                                                                                                  བཀྲ་ཤིས་འབུམ་གྱིས་བསྒྱུར།