ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་ཙུང་ཐུང་ལ་བརྙན་ལམ་ནས་བཀའ་མོལ་གནང་།
2022.03.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 353


ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་ལ་བརྙམ་ལམ་ནས་བཀའ་མོལ་གནང་། 

ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་མེ་རི་ཁའི་ཙུང་ཐུང་པའེ་ཏིན་ལ་བརྙམ་ལམ་ནས་བཀའ་མོལ་གནང་། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་དང་། ཝུའུ་ཁི་ལན་གྱི་གནས་བབ་སོགས་ཐུན་མོང་གི་དོ་ཁུར་བྱེད་ཡུལ་དུ་གྱུར་བའི་གནད་དོན་ཐད་ལྷག་བསམ་ཟོལ་མེད་དང་གཏིང་ཟབ་པའི་སྒོ་ནས་དགོངས་འཆར་བརྗེ་རེས་གནང་།

པའེ་ཏིན་གྱིས་བསྟན་དོན། ལོ་ལྔ་བཅུའི་གོང་དུ། ཨ་མེ་རི་ཁ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀས་གདམ་ག་གལ་ཆེན་བྱས་ཏེ་ཧྲང་ཧའེ་སྤྱི་སྒྲོག་སྤེལ་བ་རེད། ལོ་ལྔ་བཅུའི་རྗེས་ཀྱི་དེང་སྐབས། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་སླར་ཡང་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་ཅིང་། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་ཇི་ལྟར་འཕེལ་རྒྱས་འགྲོ་སྟངས་དེས་དུས་རབས་ཉེར་གཅིག་པའི་འཛམ་གླིང་གི་ཆགས་སྟངས་བསྐྲུན་ཐུབ། ཨ་མེ་རི་ཁས་ཀྲུང་གོ་དང་འཇམ་འཐབ་གསར་པ་རྒྱག་རོགས་མི་ཞུ་བ་དང་ཀྲུང་གོའི་སྒྲིག་སྲོལ་བསྒྱུར་རོགས་མི་ཞུ་བ། མནའ་མཐུན་གྱི་འབྲེལ་བར་ཤུགས་བསྣན་ནས་ཀྲུང་གོར་ངོ་རྒོལ་མི་བྱེད་པ། ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པ། ཀྲུང་གོ་དང་གདོང་ཐུག་མི་ཡོང་བ་བཅས་བྱེད་འདོད་ཡོད། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ལྷག་བསམ་ཟོལ་མེད་ངང་བསམ་ཚུལ་བརྗེ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ཀྲུང་གོ་གཅིག་གི་སྲིད་ཇུས་རྒྱུན་འཁྱོངས་བྱེད་པ། འགྲན་རྩོད་དང་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་ནུས་ལྡན་བཅས་བྱས་ནས། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ངས་ཀྲུའུ་ཞི་ཞི་ཅིན་ཕིང་དང་འབྲེལ་གཏུག་དམ་ཟབ་བྱས་ནས། ཨ་མེ་རི་ཁ་དང་ཀྲུང་གོའི་འབྲེལ་བར་ཁ་ཕྱོགས་གསལ་སྟོན་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ན་ནིང་གི་ཟླ་བཅུ་གཅིག་པའི་ནང་ང་ཚོས་དྲ་ལམ་གྱི་ཐུག་འཕྲད་ཐེངས་དང་པོ་བྱས་པ་ནས་བཟུང་། རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་གསར་པ་རིམ་པར་བྱུང་ཡོད། ཞི་བདེ་དང་འཕེལ་རྒྱས་རྨང་རྐང་ཡིན་པའི་དུས་རབས་ཀྱི་བརྗོད་དོན་གཙོ་བོར་འགྲན་སློང་དྲག་པོ་འཕྲད་པ་དང་། འཛམ་གླིང་ལ་ཞི་བདེ་དང་བདེ་འཇགས་གཉིས་ཀ་མེད། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་དཔལ་འབྱོར་དངོས་ཕུང་ཆེ་གྲས་ཀྱི་རྒྱལ་ཁབ་གཉིས་པ་ཡིན་པའི་ངོས་ནས། ང་ཚོས་ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་ཡང་དག་པའི་བགྲོད་ལམ་སྟེང་བུད་དེ་མདུན་དུ་འཕེལ་བར་ཁྲིད་སྟོན་བྱེད་དགོས་པར་མ་ཟད། འཁུར་འོས་པའི་རྒྱལ་སྤྱིའི་འགན་འཁྲི་དུས་ལྟར་ཁུར་ནས། འཛམ་གླིང་གི་ཞི་བདེ་དང་བདེ་འཇགས་ཆེད་འབད་བརྩོན་གང་ལེགས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ང་དང་སྐུ་ཞབས་ཙུང་ཐུང་གིས་རྒྱལ་ཁབ་གཉིས་ཀའི་བར་ཕན་ཚུན་བརྩི་འཇོག་དང་ཞི་བདེ་མཉམ་གནས་ཡོང་བ། འགྲན་རྒོལ་མི་ཡོང་བ་བཅས་བྱ་རྒྱུར་མོས་མཐུན་ཡོད་ལ། ཕྱོགས་གཉིས་ཀས་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་བར་གྱི་འབྲེལ་གཏུག་དང་བསམ་ཚུལ་བརྗེ་རེས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་ཡང་ཡོད། སྐུ་ཞབས་ཙུང་ཐུང་གིས་འདིའི་སྔོན་ཏག་ཏག་ལ། ཨ་མེ་རི་ཁ་ཕྱོགས་ཀྱིས་འཇམ་འཐབ་གསར་པ་མི་འཚོལ་བ་དང་ཀྲུང་གོའི་སྒྲིག་སྲོལ་ལ་འགྱུར་ལྡོག་མི་གཏོང་བ། མནའ་མཐུན་གྱི་འབྲེལ་བར་ཤུགས་སྣོན་བརྒྱབ་ནས་ཀྲུང་གོར་ངོ་རྒོལ་མི་བྱེད་པ། ཐའེ་དབན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པ། ཀྲུང་གོ་དང་གདོང་ཐུག་མི་ཡོང་བ་བཅས་བྱ་རྒྱུའི་བསྐྱར་བསྒྲགས་གནང་ལ། ཁྱོད་ཀྱི་རྣམ་འགྱུར་འདི་དག་ལ་ངས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་ཀྲུང་གོ་དང་ཨ་མེ་རི་ཁའི་བར་གྱི་འབྲེལ་བ་འདི། ཨ་མེ་རི་ཁའི་སྐབས་གོང་མའི་སྲིད་གཞུང་གིས་བཟོས་པའི་དཀའ་གནད་ལས་ད་དུང་ཐར་ཐུབ་མེད་པར་མ་ཟད། དེ་ལས་ལྡོག་སྟེ་འགྲན་སློང་ཅི་རིགས་ལ་འཕྲད་ཡོད་ཅིང་། ལྷག་པར་དུ་ཨ་མེ་རི་ཁའི་མི་ཁ་ཤས་ཀྱིས་ཐའེ་ཝན་རང་བཙན་གྱི་སྟོབས་ཤུགས་ལ་ནོར་འཁྲུལ་གྱི་བརྡ་གཏོང་བ་དེ་ནི་ཉེན་ཁ་ཧ་ཅང་ཆེན་པོ་ཞིག་རེད། གལ་ཏེ་ཐའེ་ཝན་གྱི་གནད་དོན་ཐག་གཅོད་ཡག་པོ་མ་བྱུང་ན། རྒྱལ་ཁབ་གཉིས་ཀའི་འབྲེལ་བར་མགོ་རྟིང་ལོག་པའི་ཤུགས་རྐྱེན་ཐེབས་རྒྱུ་རེད། ཨ་མེ་རི་ཁ་ཕྱོགས་ཀྱིས་གནད་དོན་དེའི་ཐད་མཐོང་ཆེན་གང་ལེགས་བྱེད་རོགས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བར་མིག་སྔའི་རྣམ་པ་ཐོན་པའི་ཐད་ཀའི་རྒྱུ་རྐྱེན་ནི། ཨ་མེ་རི་ཁ་ཕྱོགས་ཀྱི་མི་འགའ་ཞིག་གིས་ངེད་གཉིས་བར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་མེད་ལ། སྐུ་ཞབས་ཙུང་ཐུང་གི་དགེ་མཚན་ལྡན་པའི་རྣམ་འགྱུར་དོན་ཐོག་ཏུ་འཁྱོལ་མེད་པས་ཡིན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་འཐབ་ཇུས་བསམ་བློར་ཀློག་ནོར་དང་བརྡར་ཤ་གཅོད་ནོར་བྱས་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་དང་ཨ་མེ་རི་ཁའི་བར་དུ་ སྔོན་ཆད་དང་ད་ལྟ་གཉིས་ཀར་མི་མཐུན་པའི་ཆ་ཡོད་ལ། ཕྱིན་ཆད་ཀྱང་མི་མཐུན་པའི་ཆ་ཡོད་སྲིད། ཆེས་གནད་འགག་ནི་མི་མཐུན་པའི་ཆར་དོ་དམ་ཚོད་འཛིན་ཡག་པོ་བྱེད་རྒྱུ་དེ་ཡིན་ལ།  ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་བརླིང་ཅན་ནི་ཕྱོགས་གཉིས་ཀར་ཕན་པ་ཡོད།

ཕྱོགས་གཉིས་ཀས་མིག་སྔའི་ཝུའུ་ཁི་ལན་གྱི་གནས་བབ་ཐད་དགོངས་འཆར་བརྗེ་རེས་གནང་།

པའེ་ཏིན་གྱིས་ཨ་མེ་རི་ཁའི་ལངས་ཕྱོགས་ངོ་སྤྲོད་བྱས་ནས། ཀྲུང་གོ་ཕྱོགས་དང་འབྲེལ་གཏུག་དམ་ཟབ་བྱས་ཏེ། ཝུའུ་ཁི་ལན་གྱི་གནས་སྟངས་ཇེ་སྡུག་ཏུ་མི་འགྲོ་བར་བྱེད་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཝུའུ་ཁི་ལན་གྱི་གནས་བབ་འཕེལ་རྒྱས་ཕྱིན་ནས་ཚད་དེ་འདྲ་ཞིག་ཏུ་སླེབས་ཡོད་པ་ཀྲུང་གོ་ཕྱོགས་ཀྱིས་མཐོང་འདོད་མེད། ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་བཟུང་ཞི་བདེའི་འདོད་ཚུལ་འཛིན་པ་དང་དམག་འཁྲུག་ལ་ངོ་རྒོལ་བྱེད་པ་དེ་ནི་ཀྲུང་གོའི་ལོ་རྒྱུས་དང་རིག་གནས་ཀྱི་སྲོལ་རྒྱུན་ཞིག་ཡིན། ང་ཚོས་སྔར་ནས་བཟུང་དོན་དག་དེ་ཉིད་ཀྱི་བདེན་རྫུན་དྲང་འཁྱོག་ལ་གཞིགས་ནས་རང་ཚུགས་རང་བདག་གིས་བརྡར་ཤ་གཅོད་པ་དང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་ཀུན་གྱིས་ཁས་ལེན་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་སྲུང་སྐྱོབ་བྱ་རྒྱུ་དར་སྤེལ་གཏོང་བ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ལྟར་བྱ་བ་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་བཅས་ཀྱི་བདེ་འཇགས་ལྟ་བའི་འདོད་ཚུལ་འཛིན་གྱིན་ཡོད། རྩ་དོན་ཆེན་པོ་དེ་དག་ནི་ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་བྱེད་པའི་རྐང་འཛུགས་ས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཁི་ལན་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་སྐོར་ལ་གྲོས་འགོ་དྲུག་བཏོན་ནས། ཝུའུ་ཁི་ལན་དང་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་གཞན་དག་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་འདོད་ཡོད། ཕྱོགས་ཁག་སོ་སོས་ཨུ་རུ་སུ་དང་ཝུའུ་ཁི་ལན་བར་བསམ་ཚུལ་བརྗེ་རེས་དང་གྲོས་མོལ་བྱ་རྒྱུར་མཉམ་དུ་རྒྱབ་སྐྱོར་བྱས་ནས། གྲུབ་འབྲས་ཐོབ་པར་བྱེད་པ་དང་ཞི་བདེ་ཡོང་བར་བྱེད་དགོས། ཨ་མེ་རི་ཁ་དང་བྱང་ཆིངས་རྩ་འཛུགས་ཀྱིས་ཀྱང་ཨུ་རུ་སུ་དང་བསམ་ཚུལ་བརྗེ་རེས་བྱས་ནས། ཝུའུ་ཁི་ལན་གྱི་ཉམས་ཉེན་གྱི་ལྐོག་གི་གནད་དོན་ཐག་གཅོད་བྱས་ཏེ། ཨུ་རུ་སུ་དང་ཝུའུ་ཁི་ལན་ཕྱོགས་གཉིས་ཀའི་བདེ་འཇགས་ཐད་ཀྱི་སེམས་ཁྲལ་སེལ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། དེང་སྐབས་འཛམ་གླིང་རྒྱལ་ཁབ་ཁག་ལ་དཀའ་ངལ་ཧ་ཅང་ཆེན་པོ་འཕྲད་ཡོད་པས། པྲོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་འཇལ་དགོས་ལ། དཔལ་འབྱོར་གྱིས་དམངས་འཚོར་འགན་ལེན་ཡང་བྱེད་དགོས། རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་པ་ཡིན་པའི་ངོས་ནས་ང་ཚོས་འཛམ་གླིང་ཡོངས་ཀྱི་གླེང་གཞི་ཆེ་བའི་གནད་དོན་ཐག་གཅོད་འོས་འཚམ་བྱ་རྒྱུར་བསམ་གཞིགས་གཏོང་དགོས་ལ། འཛམ་གླིང་ཡོངས་བརྟན་ལྷིང་དང་མི་དམངས་དུང་ཕྱུར་བཅུ་ཕྲག་ལྷག་གི་ཐོན་སྐྱེད་དང་འཚོ་བར་སྔར་ལས་ཀྱང་བསམ་གཞིགས་བྱེད་དགོས། ཁྱོན་ཡོངས་དང་ཁྱད་པར་མེད་པའི་སྒོ་ནས་བཀག་སྡོམ་བྱེད་དགོས་ལ། སྡུག་མྱོང་མཁན་ནི་སྔར་བཞིན་མི་སེར་རེད། གལ་ཏེ་ཨུ་རུ་སུ་དང་ཝུའུ་ཁི་ལན་བར་གྱི་འགལ་བ་སྔར་ལས་རིམ་སྤོར་བྱས་ཚེ། ད་དུང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉོ་ཚོང་དང་དངུལ་རྩ། ནུས་ཁུངས། འབྲུ་རིགས། ཐོན་ལས་སྦྲེལ་ཐག་སོགས་ལ་ཉམས་ཉེན་ཚབས་ཆེན་བྱུང་ནས། དཀའ་ངལ་ཡོད་པའི་འཛམ་གླིང་གི་དཔལ་འབྱོར་ལ་སླར་གསོ་མི་ཐུབ་པའི་གྱོང་གུད་བཟོ་སྲིད། གནས་བབ་ཇི་ཙམ་རྙོག་འཛིང་ཆེ་ན། དེ་ཙམ་གྱིས་བབ་བརླིང་དང་ཚུལ་མཐུན་རྒྱུན་འཁྱོངས་བྱེད་དགོས། གནས་ཚུལ་གང་ཞིག་གི་འོག་ཏུའང་ཆབ་སྲིད་ཀྱི་བློ་སྟོབས་ལ་བརྟེན་ནས་ཞི་བདེའི་ཆེད་དུ་བར་སྟོང་བསྐྲུན་དགོས་པ་དང་། ཆབ་སྲིད་ཀྱི་ཐོག་ནས་ཐག་གཅོད་བྱེད་པར་བར་སྟོང་འཇོག་དགོས། ཀྲུང་གོར་སྐད་ཆ་རྙིང་པ་གཉིས་ཡོད་དེ། གཅིག་ནི་ལག་པ་ཡ་གཅིག་གིས་ཐལ་མོའི་རྡེབ་སྒྲ་འབྱིན་མི་ཐུབ་ཅེས་པ་དང་། གཞན་ཞིག་ནི་སྦྲུལ་མདུད་སྦྲུལ་གྱིས་བཤིག་ཅེས་པ་དེ་རེད། ཆེས་གནད་འགག་ནི་དོ་བདག་ཕྱོགས་ཀྱིས་ཆབ་སྲིད་ཀྱི་བསམ་འདུན་མཚོན་པར་བྱེད་པ་དང་དེང་སྐབས་ལ་དམ་པོར་དམིགས་པ། འབྱུང་འགྱུར་ལ་ཁ་ཕྱོགས་པ་བཅས་བྱས་ནས། ཐག་གཅོད་འོས་འཚམ་བྱེད་པའི་བྱེད་ཐབས་འཚོལ་དགོས་ཤིང་། གཞན་ཕྱོགས་ཀྱིས་དེའི་ཐད་ཆ་རྐྱེན་བསྐྲུན་ཆོག་ལ་བསྐྲུན་དགོས་ངེས་ཀྱང་རེད། ཅིས་ཀྱང་སྒྲུབ་དགོས་པའི་ལས་ཀ་ནི་མུ་མཐུད་བསམ་ཚུལ་བརྗེ་རེས་དང་གྲོས་མོལ་བྱས་ནས། མི་སེར་ཤི་རྨས་མི་ཡོང་བ་དང་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་མི་ཐོན་པར་བྱས་ཏེ་སྔ་མོ་ནས་དམག་འཁྲུག་རྒྱག་མཚམས་འཇོག་རྒྱུ་དེ་རེད། ཕུགས་ཕན་གྱི་ལམ་བུ་ནི་རྒྱལ་ཁབ་ཆེན་པོའི་བར་ཕན་ཚུན་བརྩི་འཇོག་དང་འཇམ་འཐབ་ཀྱི་བསམ་ཕྱོགས་དོར་བ། དཔུང་ཁག་གི་ཁ་གཏད་དུ་མི་ལངས་པ་བཅས་བྱས་ནས། དོ་སྙོམས་དང་ནུས་ལྡན། རྒྱུན་མཐུད་བཅས་ཀྱི་གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་བདེ་འཇགས་སྒྲོམ་གཞི་རིམ་པ་བྱས་ཏེ་འཛུགས་རྒྱུ་དེ་རེད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེའི་ཆེད་དུ་ནུས་ཤུགས་ཡོད་རྒུ་བཏོན་ནས་དགེ་མཚན་ལྡན་པའི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་རྒྱུ་ཡིན།

རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱིས་བསྟན་དོན། ད་ཐེངས་ཀྱི་བརྙན་ལམ་བཀའ་མོལ་ནི་དགེ་མཚན་ལྡན་པ་ཞིག་ཡིན་པས། རྒྱལ་ཁབ་གཉིས་ཀའི་ལས་གཉེར་ཚོགས་པས་དུས་ཐོག་ཏུ་རྗེས་འདེད་དང་བྱ་སྤྱོད་དངོས་སྤེལ་ནས། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བའི་བགྲོད་ལམ་སྟེང་ཡང་བསྐྱར་ལོག་ཐུབ་པར་བརྩོན་ལེན་བྱས་ཏེ། ཝུའུ་ཁི་ལན་གྱི་ཉམས་ཉེན་ཐག་གཅོད་འོས་འཚམ་བྱེད་ཆེད་རང་རང་སོ་སོས་འབད་འབུངས་བྱེད་རྒྱུའི་བསམ་ཕྱོགས་གཅིག་ཏུ་ཁེལ།

ཏིན་ཞུའེ་ཞང་དང་ལིའུ་ཧི། ཝང་དབྱི་སོགས་གོང་གསལ་བཀའ་མོལ་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།