ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
2022.03.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 152

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་མཉམ་དུ་རླངས་འཁོར་ནང་བསྡད་དེ། པེ་ཅིང་གྲོང་ཁྱེར་ཏ་ཞིན་ཆུས་ཧུང་ཚོན་གྲོང་རྡལ་གྱི་སྡོང་བོ་འཛུགས་སའི་ཡུལ་དངོས་སུ་ཕེབས་ཏེ། རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་སྡོང་འཛུགས་བྱ་འགུལ་ཁྲོད་ཞུགས། འདི་ནི་ཞི་ཅིན་ཕིང་སྡོང་འཛུགས་བྱ་འགུལ་ལ་ཞུགས་པའི་ཚུལ་རེད།

ཟླ་གསུམ་པའི་ཚེས་སུམ་ཅུ་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ལ་ཞུགས་སྐབས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་བསྡུས་པའི་ཚུན་ལ། ང་ལོ་ངོ་བཅུའི་རིང་བསྟུད་མར་ཚང་མ་དང་མཉམ་དུ་རྒྱལ་སའི་འོས་འགན་སྡོང་འཛུགས་བྱ་འགུལ་ཁྲོད་ཞུགས་མྱོང་ལ། དེ་ནི་མཛེས་པའི་ཀྲུང་གོ་བསྐྲུན་རྒྱུར་ལེགས་སྐྱེས་འབུལ་བའི་ཆེད་ཡིན་ལ། སྤྱི་ཚོགས་ཡོངས་དང་ལྷག་པར་དུ་ན་གཞོན་ལོ་ཆུང་ཚོའི་སེམས་ཁོང་དུ་སྐྱེ་ཁམས་དཔལ་ཡོན་གྱི་ས་བོན་བཏབ་ནས། ཚང་མ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལག་བསྟར་མཁན་དང་སྐུལ་འདེད་མཁན་བྱས་ཏེ། རྒྱུན་སྲིང་ལྷོད་མེད་དང་སྙིང་རུས་ཆེན་པོས་བྱས་རྗེས་བཞག་ནས། རང་རེའི་མེས་རྒྱལ་གྱི་ནམ་མཁའ་སྔར་ལས་སྔོ་བ་དང་རི་བོ་སྔར་ལས་ལྗང་བ། ཆུ་བོ་སྔར་ལས་གཙང་བ། སྐྱེ་ཁམས་སྔར་ལས་མཛེས་པ་བཅས་ཡོང་བར་བྱེད་རྒྱུའི་འབོད་སྐུལ་གཏོང་ཆེད་ཡིན།

སྔ་དྲོའི་དུས་ཚོས་བཅུ་དང་སྐར་མ་སུམ་ཅུའི་སྟེང་དུ། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་མཉམ་དུ་རླངས་འཁོར་ནང་བསྡད་དེ། པེ་ཅིང་གྲོང་ཁྱེར་ཏ་ཞིན་ཆུས་ཧུང་ཚོན་གྲོང་རྡལ་གྱི་སྡོང་བོ་འཛུགས་སར་ཕེབས་ཏེ། རྒྱལ་སའི་མང་ཚོགས་དང་མཉམ་དུ་འོས་འགན་སྡོང་འཛུགས་བྱ་འགུལ་ཁྲོད་ཞུགས།

ཞི་ཅིན་ཕིང་གིས་བསྟན་དོན། ནགས་ཚལ་ནི་ཆུ་མཛོད་དང་དངུལ་མཛོད། འབྲུ་མཛོད་བཅས་ཡིན་པ་གཞིར་བཞག་གི་སྟེང་དུ། ཐཱན་མཛོད་ཅིག་ཀྱང་ཡིན། ནགས་ཚལ་དང་རྩྭ་ཐང་ལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ངོས་ནས་བཤད་ན། རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་ནུས་པ་མངོན་གསལ་ལྡན་ལ། ནགས་ཚལ་དང་རྩྭ་ཐང་དར་རྒྱས་སུ་བཏང་བ་ཡིན་ན། གཞི་ནས་སྐྱེ་ཁམས་དར་རྒྱས་ཡོང་ཐུབ། རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལས་དོན་འདི་ཉིད་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ནས་ངོ་བོའི་འགྱུར་ལྡོག་གི་སྟེང་དུ་གོམ་ཁ་སྒྱུར་བཞིན་པའི་གནད་འགག་གི་དུས་སྐབས་སུ་སླེབས་ཡོད། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱས་ནས། བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་སྟེང་བསྐྱོད་པ། རི་ཆུ་ནགས་གསུམ་དང་ཞིང་ས། མཚེའུ། རྩྭ ་ཐང་བཅས་གཞི་གཅིག་ཅན་དུ་སྲུང་སྐྱོབ་བྱེད་རྒྱུ་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་བྱེད་པར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ས་ཆ་ལྗང་མདོག་ཅན་དུ་འགྱུར་རྒྱུར་ཚན་རིག་དང་མཐུན་པའི་སྒོ་ནས་སྐུལ་འདེད་གཏོང་བ། ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་བསྡོམས་འབོར་དང་སྤུས་ཚད་སྔར་ལས་མཐོ་རུ་གཏོང་བ། སྐྱེ་ཁམས་མ་ལག་གི་ཐཱན་འདུས་ནུས་པ་སྲ་བརྟན་དང་ཇེ་ཆེར་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་ཁོར་ཡུག་དང་གནམ་གཤིས་བཅོས་སྐྱོང་བྱེད་རྒྱུ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་དུ་འཕེལ་བར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། སྡོང་འཛུགས་ལྗང་སྲུང་དང་རང་བྱུང་ཁམས་ལ་གཅེས་སྐྱོང་བྱ་རྒྱུ་ནི། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་ཡིན། སའེ་ཧན་པ་ཡི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ། བྱེད་སྟངས་དང་བྱེད་ཐབས་གསར་གཏོད་བྱེད་པ། དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་པ། ཚན་རིག་དང་མཐུན་ཞིང་གྲོན་ཆུང་ཡིན་པ། དངོས་གཉེར་བཅས་ཀྱི་སྒོ་ནས་འོས་འགན་སྡོང་འཛུགས་བྱ་འགུལ་སྤེལ་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པས་རྒྱལ་ཁབ་ཀྱི་ས་ཆ་ལྗང་སྒྱུར་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་དོན་ཁག་དམ་འཛིན་ཡག་པོ་བྱས་ནས། མཛེས་སྡུག་ལྡན་པའི་རི་ཀླུང་གིས་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས།

པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་སྲིད་ཨུ་ཡོན་སོགས་ཐེངས་འདིའི་སྡོང་འཛུགས་བྱ་འགུལ་ཁྲོད་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།