པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་བསྡུས།
2022.04.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 198

པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་ཚེས་བརྒྱད་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན་སོགས་ཚོགས་འདུར་ཞུགས།


པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་སྤྱི་སྡོམ་གཟེངས་བསྟོད་ཚོགས་ཆེན་ཚེས་བརྒྱད་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་བསྡུས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་སྟེང་ཕེབས་ཏེ་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན། རླབས་ཆེན་གྱི་བྱ་གཞག་གིས་རླབས་ཆེན་གྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ་དང་རླབས་ཆེན་གྱི་སྙིང་སྟོབས་ཀྱིས་རླབས་ཆེན་གྱི་བྱ་གཞག་ལ་སྐུལ་འདེད་གཏོང་དགོས།  པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མཁན་ཚོས་རླབས་ཆེན་གྱི་དུས་རབས་ཀྱིས་བསྩལ་བའི་གོ་སྐབས་གཅེས་སྤྲས་བྱས་ནས། དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་ཆོག་པའི་སྙན་ཞུ་དང་དེ་འབྲེལ་གྱི་སྟ་གོན། དངོས་སུ་སྤེལ་བ་བཅས་ཀྱི་བརྒྱུད་རིམ་ཁྲོད་མཉམ་དུ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་བསྐྲུན་ཡོད། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་ནི་ཁྱོན་ཡོངས་ལ་བསམ་བློ་གཏོང་བ་དང་ཡིད་ཆེས་སྒོ་འབྱེད། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ། ཁྱད་དུ་འཕགས་པ། མཉམ་དུ་མ་འོངས་པ་བསྐྲུན་པ་བཅས་ཀྱི་སྙིང་སྟོབས་ཤིག་ཡིན། ང་ཚོས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ། ཡིད་ཆེས་དང་བློ་སྤོབས་སྔར་ལས་བརྟན་པོ་བཅངས་ནས། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས་ལ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་ཕྱོགས་སུའང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས།

ལིས་ཁི་ཆང་གིས་ཚོགས་ཆེན་ལ་འགོ་འཛིན་བྱས་པ་དང་། ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཝང་ཆི་ཧྲན་བཅས་ཚོགས་འདུར་ཞུགས། ཧན་ཀྲིན་གྱིས་གཟེངས་བསྟོད་གཏན་འབེབས་སྒྲོག་འདོན་བྱས།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་ངོ་བདུན་གྱི་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་དེ། གཞི་ནས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་སྤེལ་བར་མ་ཟད། འགྲན་ཚོགས་འདི་གཉིས་ལ་རྒྱལ་ཡོངས་ཀྱིས་དོ་ཁུར་དང་འཛམ་གླིང་ཡོངས་ཀྱིས་དོ་སྣང་ཆེན་པོ་བྱས། ཀྲུང་གོ་མི་དམངས་ཀྱིས་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྱད་དུ་བསད་དེ། ལོ་རྒྱུས་ཀྱི་དེབ་ཐེར་ནང་བཀོད་ཆོག་པའི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཡང་བསྐྱར་བསྐྲུན་པར་མ་ཟད། ཨོ་ལིམ་ཕིག་གི་གཟི་བརྗིད་སླར་ཡང་མཉམ་སྤྱོད་བྱས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་དུས་བཅད་ལྟར་བདེ་བླག་ངང་གཉེར་ཐུབ་པར་འགན་ལེན་བྱས་ནས། ཨོ་རྩལ་འགྲན་ཚོགས་གཉིས་ཀ་ངོ་མཚར་ལྡན་པའི་ངང་སྤེལ་རྒྱུར་འགན་ལེན་བྱ་རྒྱུ་ནི་ཀྲུང་གོ་མི་དམངས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་བཞག་པའི་དམ་བཅའ་ཆེན་པོ་ཞིག་ཡིན།  དུས་ཡུན་ལོ་ངོ་བདུན་གྱི་རིང་ལ། ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག་ཏུ། འབྲེལ་ཡོད་སྡེ་ཁག་དང་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཚང་མས་མཐུན་སྒྲིལ་མཉམ་ལས་དང་མཁྲེགས་གཏོར་དཀའ་སེལ་བྱས་ལ། པེ་ཅིན་དང་ཀྲང་ཅ་ཁུག་གཉིས་གཙོ་སྒྲུབ་གྲོང་ཁྱེར་ཡིན་པའི་ངོས་ནས་སྟོབས་ཤུགས་ཡོད་རྒུ་རྩལ་དུ་བཏོན་ནས་འབད་འཐབ་ལས་དོན་དངོས་ཀྱི་ཁྲོད་ཞུགས་པར་མ་ཟད། རྒྱལ་སྤྱིའི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་དང་རྒྱལ་སྤྱིའི་དབང་པོ་སྐྱོན་ཅན་གྱི་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཁང་སོགས་རྒྱལ་སྤྱིའི་ལུས་རྩལ་རྩ་འཛུགས་དང་མཉམ་ལས་དམ་ཟབ་བྱས་ཏེ། པྲོག་གསར་གློ་ཚད་རིམས་ནད་སོགས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྱད་དུ་བསད་ནས། འཛམ་གླིང་ཡོངས་ལ་སྟབས་བདེ་དང་བདེ་འཇགས། ངོ་མཚར་བཅས་ཀྱི་ཨོ་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་ཕུལ་བ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་བཞག་པའི་དམ་བཅའ་ཆེན་པོ་ཁྱོན་ཡོངས་ནས་དོན་འཁྱོལ་ཐུབ་པ་བྱུང་ནས། པེ་ཅིང་གྲོང་ཁྱེར་འདི་ཉིད་གོ་ལ་ཧྲིལ་པོའི་ངོས་ནས་བཤད་ན། ཨོ་རྩལ་འགྲན་ཚོགས་གཉིས་མཉམ་དུ་སྤེལ་བའི་གྲོང་ཁྱེར་དང་པོར་གྱུར་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་བསྡུས་བྱས་ཡོད།  དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ལ་ལྟད་མོ་ཤིན་ཏུ་ཆེ་བ་དང་རྒྱལ་གཅེས་ཀྱི་བརྩེ་སེམས་ལེགས་པར་མངོན་པ། མི་དུང་ཕྱུར་གསུམ་གངས་འཁྱགས་ལུས་རྩལ་ལ་ཞུགས་རྒྱུ་བཅས་ཀྱི་འཆར་གཞི་དངོས་སུ་དོན་སྨིན་བྱུང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུལ་བཞག་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ་དང་། རྒྱལ་ཁའི་ངང་ཨོ་རྩལ་འགྲན་ཚོགས་གཉེར་བ་དང་ས་ཁོངས་འཕེལ་རྒྱས་ཡག་པོ་བྱུང་བ། རིམས་ནད་འགོག་སྡོམ་གནད་ལ་འཁེལ་ཞིང་ཕན་འབྲས་ཐོན་པ། མཐུན་སྒྲིལ་མཉམ་ལས་ཀྱི་སྒོ་ནས་མ་འོངས་པའི་ཕྱོགས་སུ་བསྐྱོད་པ་བཅས་བྱུང་ནས། གོ་ལ་ཧྲིལ་པོའི་མཐུན་སྒྲིལ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་དུས་ཀྱི་ཉེན་ཚབས་སེལ་བར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ལ། ཟང་ཟིང་ཆེ་ལ་ལྷིང་འཇགས་མེད་པའི་འཛམ་གླིང་ལ་ཡིད་ཆེས་དང་རེ་བ་བསྩལ་ནས། འཛམ་གླིང་ལ་མཉམ་དུ་མ་འོངས་པ་བསྐྲུན་དགོས་པའི་དུས་རབས་ཀྱི་འབོད་སྐུལ་དྲག་པོ་ཡང་ཡང་བཏང་།

ལིས་ཁི་ཆང་གིས་འགོ་འཛིན་བྱེད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲུབ་འབྲས་ཆེན་པོར་གདེང་འཇོག་གང་ལེགས་གནང་བ་དང་། ལོ་བདུན་རིང་གི་གྲ་སྒྲིག་འགྲན་བསྡུར་གྱི་སྤྱིར་བཏང་མིན་པའི་ལོ་རྒྱུས་ལ་ཁྱོན་ཡོངས་ནས་ཕྱིར་རྟོག་བྱས་ཤིང་། སྟ་གོན་དང་དངོས་སུ་སྤེལ་བའི་ཉམས་མྱོང་རྩ་ཆེན་ལ་ཕྱོགས་སྡོམ་གཏིང་ཟབ་གནང་བ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་རྒྱས་བཤད་གཏིང་ཟབ་གནང་བ། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤུལ་བཞག་བེད་སྤྱོད་ཡག་པོ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་ཐད་བླང་བྱ་ཁ་གསལ་གནང་བ་བཅས་ལ་ཆབ་སྲིད་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཆེན་པོ་ལྡན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་ནན་མོ་བླངས་ནས་དོན་འཁྱོལ་མཐར་ཕྱིན་བྱེད་དགོས།  བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་བྱས་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་དང་། གཏན་འཁེལ་གཉིས་ཀྱི་ཐག་ཆོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ་བཅས་བྱས་ནས། པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འབད་འབུངས་ཡར་བརྩོན་བྱས་ནས། བསམ་སྦྱོར་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས།

བན་དེ་སྐྱབས་ཀྱིས་བསྒྱུར།