ཞི་ཅིན་ཕིང་གིས་ཧའེ་ནན་གྱི་བྱ་བར་རྟོག་ཞིབ་གནང་།
2022.04.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 302

ཟླ་བཞི་པའི་ཚེས་བཅུ་ཉིན་ནས་ཚེས་བཅུ་གསུམ་ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་གྱི་བྱ་བར་རྟོག་ཞིབ་གནང་། 

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧའེ་ནན་དུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་ལེན་མཐར་ཕྱིན་མཐའ་གཅིག་ཏུ་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀ་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ་བྱེད་པ། བཅོས་སྒྱུར་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་དུ་སྤེལ་བ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་གང་ལེགས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱེད་པ། བསམ་བློ་བཅིངས་འགྲོལ་དང་གསར་འབྱེད་གསར་གཏོད། མཐུན་སྒྲིལ་འབད་འཐབ། མཁྲེགས་གཏོར་དཀའ་སེལ་བཅས་བྱས་ཏེ་འཛམ་གླིང་ཐོག་ཤུགས་རྐྱེན་གྱི་ནུས་པ་ཆེ་བའི་ ཀྲུང་གོའི་ཁྱད་ཆོས་ཀྱི་རང་མོས་ཉོ་ཚོང་གྲུ་ཁ་གང་མགྱོགས་ངང་བསྐྲུན་ནས། ཧའེ་ནན་འདི་ཉིད་དུས་རབས་གསར་པའི་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་དཔེ་སྟོན་དུ་འགྱུར་བར་བྱས་མཐར། བསམ་སྦྱོར་དངོས་ཀྱི་སྟེང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་ནི་རྙོག་འཛིང་ཆེ་ལ་གོ་རིམ་ལྡན་པའི་བསམ་བཀོད་ཅིག་ཡིན་པས། ཡུན་རིང་འབད་འཐབ་བྱེད་པའི་བསམ་བློའི་གྲ་སྒྲིག་དང་ལས་ཀའི་གྲ་སྒྲིག་ཡག་པོ་བྱེད་དགོས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞི་དང་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ཏེ། ལམ་ལུགས་གཅིག་སྡུད་གསར་གཏོད་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས། ཀྲུང་དབྱང་གིས་སྤྱི་འདོམས་དང་སྡེ་ཁག་གིས་རྒྱབ་སྐྱོར། ཞིང་ཆེན་གྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་བཅས་ཀྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་ནས། ཧའེ་ནན་གྱི་རང་མོས་ཉོ་ཚོང་གྲུ་ཁ་དུས་བཅད་ལྟར་འགག་སྒོ་བཀག་ནས་འཁོར་སྐྱོད་བདེ་བླག་ཡོང་བར་འགན་ལེན་བྱེད་དགོས། ཏང་གི་འགོ་ཁྲིད་ལ་གཡོ་འགུལ་བག་ཙམ་ཡང་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལ་དམིགས་ནས་གནད་དོན་ལ་བསམ་གཞིག་དང་བྱ་བ་སྒྲུབ་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོར་སྟངས་འཛིན་ནན་མོ་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་བྱ་རྒྱུར་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ནས། ཉེན་ཁ་ཆེ་རིགས་དབྱེ་འབྱེད་དང་དོགས་ཟོན་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། བཅོས་སྒྱུར་དང་འཕེལ་རྒྱས། བརྟན་ལྷིང་བཅས་ལ་སྤྱི་འདོམས་གང་ལེགས་བྱེད་པ། སྔོན་ལ་བཙུགས་ནས་རྗེས་སུ་བཤིག་པ་དང་མ་བཙུགས་པ་བཤིག་རྒྱུ་མེད་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཧའེ་ནན་སྔར་ལས་ལེགས་པའི་སྒོ་ནས་འཕེལ་རྒྱས་བཏང་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་རྩ་བའི་ཐབས་ལམ་ཞིག་ཡིན། ཡུལ་སྐོར་ལས་རིགས་དང་དེང་རབས་ཀྱི་ཞབས་ཞུའི་ལས་རིགས། མཐོ་གསར་ལག་རྩལ་གྱི་ཐོན་ལས། ཚ་བའི་ས་ཁུལ་གྱི་ཁྱད་ཆོས་འཛོམས་ཞིང་ལས་ཆོད་ཆེ་བའི་ཞིང་ལས་བཅས་ལ་འཕེལ་རྒྱས་གཏོང་རྒྱུར་དམིགས་ཏེ། དེང་རབས་ཀྱི་ཐོན་ལས་མ་ལག་གང་མགྱོགས་སྒོས་བསྐྲུན་དགོས། ཚན་རྩལ་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་སྔར་ལས་ཇེ་མགྱོགས་སུ་བཏང་ནས། ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་དགོས། སྐམ་མཚོ་གཅིག་གྱུར་གྱིས་འཆར་འགོད་དང་རི་མཚོ་མཉམ་འགུལ། ཐོན་ཁུངས་རྒྱུན་འཁོར་བཅས་མངོན་གསལ་དོད་པོ་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས། ཕྱོགས་གང་ཅིའི་ཐད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་སྐྱོན་ཆ་སེལ་གང་ཐུབ་བྱས་ཏེ། ཁྱབ་ཁོངས་སྔར་ལས་ཆེ་བ་དང་ཁྱབ་ཁོངས་སྔར་ལས་ཡངས་པ། གཏིང་སྔར་ལས་ཟབ་པ་བཅས་ཀྱི་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་རྣམ་པ་གྲུབ་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཞིང་ལས་ཀྱི་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་བཏང་ནས། ཞིང་ལས་ཀྱི་ཐོན་ལས་འབྲེལ་ཐག་ཆ་ཚང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཉེན་མཚམས་དང་གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ། གྲོང་ཁྱེར་དང་གྲོང་རྡལ་དར་སྤེལ་གྱི་མཐའ་མཚམས་བཅས་ཀྱི་ཚོད་འཛིན་གནས་གསུམ་ནན་སྲུང་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ། གསར་འདེབས་ས་ཁུལ་གཞི་གཅིག་ཅན་དུ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་ནན་ཧྥན་ཚན་ཞིབ་སོན་གསོའི་རྟེན་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། རང་བྱུང་འགྱིག་གི་ཐོན་ལས་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་བཅས་བྱེད་དགོས། འབག་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་བརྒྱབ་ནས། མཚོ་སྐོར་དོ་དམ་ཚོད་འཛིན་དང་མཚོ་རྒྱུད་གསར་སྤེལ་དོ་དམ་ཚོད་འཛིན་གྱི་བྱ་ཐབས་ནན་ཤོས་དོན་འཁྱོལ་བྱེད་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་ཚོད་ལྟ་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་དགོས། ཚ་བའི་ས་ཁུལ་དུ་གནས་པའི་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་ནི་རྒྱལ་ཁབ་ཀྱི་ནོར་བུ་ལྟ་བུ་ཡིན་ལ། ཆུ་མཛོད་དང་འབྲུ་མཛོད། དངུལ་མཛོད་བཅས་ཡིན་པར་མ་ཟད། ཐཱན་མཛོད་གལ་ཆེན་ཞིག་ཀྱང་ཡིན་པར་བརྟེན། རྒྱལ་ཁབ་ཀྱི་འཐབ་ཇུས་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱས་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་རྒྱུར་འབད་བརྩོན་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། བཅོས་སྒྱུར་ཟབ་སྤེལ་དང་སྒོ་མོ་འབྱེད་རྒྱ་ཅི་ཙམ་ཆེ་རུ་བཏང་ན། བསམ་པའི་དཔལ་ཡོན་སྤེལ་ཤུགས་དེ་ཙམ་གྱིས་ཆེ་རུ་གཏོང་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱུན་འཁྱོངས་ལྷོད་མེད་ངང་དམ་འཛིན་ཡག་པོ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་དར་སྤེལ་གཏོང་བ། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ་བཅས་བྱས་ནས། མི་དམངས་ཀྱི་དཔལ་ཡོན་བྱང་ཚད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཁ་དན་ཚིག་ལ་གནས་པའི་སྒོ་ནས་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སྒྲིག་བཀུར་ཁྲིམས་སྲུང་དང་ཟོལ་མེད་ཡིད་རྟོན་གྱི་སྤྱི་ཚོགས་དར་སྲོལ་དར་སྤེལ་གཏོང་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། སྔར་ལས་མང་བའི་བྱེད་ཐབས་ལག་བསྟར་དང་། སྔར་ལས་མང་བའི་དམངས་སེམས་དྲོ་བར་བྱེད་པའི་བྱ་སྤྱོད་དོན་འཁྱོལ་བྱེད་པ། སེམས་པ་རྣམ་དག་བཀོལ་ནས་མི་དམངས་མང་ཚོགས་ཀྱི་དཀའ་ཉེན་དང་རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ། མཉམ་དུ་ཕྱུག་འགྱུར་ཡོང་བའི་ཐབས་ལམ་འཚོལ་ཞིབ་གང་ལེགས་བྱེད་དགོས། ཁུར་པོ་ཇེ་ཡང་དུ་གཏོང་བ་དང་ལས་གནས་ཇེ་བརྟན་དུ་གཏོང་བ། ལས་ཞུགས་རྒྱ་ཆེར་གཏོང་རྒྱུའི་སྲིད་ཇུས་མུ་མཐུད་ལག་བསྟར་བྱས་ཏེ། དམངས་འཚོའི་ཚོང་ཟོག་གལ་ཆེན་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་། འོས་འགན་སློབ་གསོ་དོ་མཉམ་ངང་འཕེལ་རྒྱས་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་གི་ལས་དོན་ཁྱོན་ཡོངས་ནས་ཡག་པོ་སྒྲུབ་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ནན་ཏན་ངང་སྒྲུབ་པ། ནག་འཇོམས་ངན་སེལ་གྱི་འཐབ་རྩོད་རྒྱུན་རྣམ་ཅན་དུ་སྤེལ་བ། མཚོ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་གཏོང་བ་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། གཟབ་ནན་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤྱི་འདོམས་སུ་བྱས་ནས། ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོའི་གྲུབ་འབྲས་སྔར་ལས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། ཏང་འཛུགས་སྐྲུན་གྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་གཏོང་བ། ཧའེ་ནན་ཆུང་ཡ་ཙུང་ཏུའེ་རུ་ཁག་གི་དྲན་གསོ་བྱེད་གནས་དང་། གསར་བརྗེའི་བུད་མེད་དམག་གི་དྲན་གསོ་ཁང་སོགས་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སྣེ་ཁྲིད་བྱས་ནས་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བཅས་བྱེད་དགོས། ལས་བྱེད་པའི་སློབ་གསོ་དང་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ཐོག་མའི་བསམ་འདུན་དང་ལས་འགན་རང་རྟོགས་ངང་ལག་བསྟར་བྱེད་པ། འཇོན་ཐང་གི་འཇིགས་སྣང་དང་ནུས་པ་མི་འདང་བའི་གནད་དོན་ཐག་གཅོད་བྱེད་པར་ཤུགས་སྣོན་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཁྱད་བསད་བྱེད་པར་ཤུགས་རྒྱག་དགོས། གཞི་རིམ་གྱི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་ཏང་རྩ་འཛུགས་ཀྱི་ནུས་ལྡན་ཁྱབ་ཁྱོན་མུ་མཐུད་ཆེ་རུ་བཏང་ནས། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་དེ་དམག་འཐབ་ཀྱི་མཁར་རྫོང་བརྟན་པོ་ཞིག་ཏུ་བསྐྲུན་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་གསར་པར་སྟངས་འཛིན་ཡང་དག་བྱས་ཏེ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་སྟེ། ས་ཞིང་གླ་གཏོང་དང་ས་ཁང་བདག་ཁོངས་གསར་སྤེལ། ཚོང་འགུགས་དངུལ་འདྲེན། ལས་གཞི་འཛུགས་སྐྲུན་སོགས་ཐད་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་སྐྱོན་ཆ་ཡོ་བསྲང་བྱས་ནས་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་གོ་ལ་ཧྲིལ་པོའི་པྲོག་གསར་གློ་ཚད་རིམས་ནད་སྔར་བཞིན་ཚབས་ཆེན་ཡིན་པ་དང་། ཁྱད་པར་དུ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ལྷོད་གཡེང་གཏན་ནས་བྱེད་མི་རུང་། རྒྱུན་འཁྱོངས་ནི་རྒྱལ་ཁ་ཡིན། མི་དམངས་དང་ཚེ་སྲོག་བླ་ན་མེད་པའི་བྱེད་ཕྱོགས་ རྒྱུན་འཁྱོངས་དང་། རིམས་ནད་ཕྱི་ནས་ནང་དུ་མཆེད་པ་དང་ནང་ནས་ཡང་བསྐྱར་འཕར་བར་སྔོན་འགོག་བྱེད་པ། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ་དང་འགུལ་རྣམ་མེད་པ་རྒྱུན་འཁྱོངས་བྱེད་པ། རིམས་ནད་བྱུང་ཚུལ་སྔོན་འགོག་དང་ཚོད་འཛིན་བྱེད་པའི་བྱ་ཐབས་ཁག་དམ་འཛིན་ཞིབ་ཕྲ་དང་ནན་མོ་བཅས་བྱེད་དགོས། ལྷོད་གཡེང་གི་བསམ་བློ་དང་དམག་འཁྲུག་ལ་ཞེན་པ་ལོག་པའི་བསམ་པ། སྟེས་དབང་གི་བསམ་པ། ལྷོད་གཡེང་གི་བསམ་པ་བཅས་ཁྱད་བསད་བྱས་ནས། ནད་དུག་གཞན་འགྱུར་གྱི་ཁྱད་ཆོས་གསར་པར་དམིགས་ནས་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་སྔོན་འགོག་ཚོད་འཛིན་གྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། འཕྲལ་སྡོམ་སྔོན་ཇུས་སྣ་ཚོགས་འཐུས་ཚང་དུ་གཏོང་བ། རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་མོ་བྱེད་པ་བཅས་བྱས་ཏེ། རིམས་ནད་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས།

ཏིན་ཞུའེ་ཞང་དང་ལིའུ་ཧི། ཁྲེན་ཞི། ཧི་ལིས་ཧྥུན་བཅས་དང་། ཀྲུང་དབྱང་ འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཀྱི་རྟོག་ཞིབ་བྱེད་རོགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།