ཧན་ཀྲིན་གྱིས་ཧི་པེ་ཞིང་ཆེན་ཞུང་ཨན་ཁུལ་གསར་དུ་རྟོག་ཞིབ་དང་བཞུགས་མོལ་ཚོགས་འདུ་བསྡུས།
2022.04.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

ཟླ་བཞི་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཧི་པེ་ཞིང་ཆེན་ཞུང་ཨན་ཁུལ་གསར་དུ་སོང་ནས།  དེ་གའི་བྱ་བར་རྟོག་ཞིབ་དང་བཞུགས་མོལ་ཚོགས་འདུ་བསྡུས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ནས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་འཐུས་ཚང་བ་དང་ནོར་བ་མེད་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། པེ་ཅིང་གི་རྒྱལ་ས་ལས་འདས་པའིཁུར་བོ་ཇེ་ཡང་དུ་གཏོང་བའི་འགག་རྩར་ཐོག་མཐའ་བར་གསུམ་དུ་སྟངས་འཛིན་ནན་མོ་བྱས་ནས། འཆར་འགོད་ལྟར་ཚད་གཞི་མཐོ་ལ་སྤུས་ཚད་མཐོ་བའི་སྒོ་ནས་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་དགོས།

ཧན་ཀྲིན་གྱིས་བསྟན་དོན། ཧི་པེ་ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་གྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན། ལོ་ལྔའི་རིང་ལ། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་འབྲེལ་ཡོད་སྡེ་ཁག་གི་འབད་འབུངས་ལྷོད་མེད་ལ་བརྟེན་ནས། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ཐད་དུས་རིམ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པས་ཁས་ལེན་གང་ལེགས་བྱེད་རིན་ཡོད།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་རྩ་བའི་གཞི་འཛིན་སར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། མཉམ་ཤུགས་གཅིག་སྒྲིལ་དང་སྙིང་རུས་གཏན་འཁྱོངས་བྱས་ནས། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་འཕེལ་རྒྱས་དང་པེ་ཅིང་གི་རྒྱལ་སའི་ནུས་པ་མིན་པའི་ནུས་པ་འབྲེལ་མཐུད་བྱ་རྒྱུར་རྒྱུན་ཆད་མེད་པར་འཕེལ་རྒྱས་གསར་པ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་བྱེད་པར་ངེས་པར་དུ་པེ་ཅིང་གི་རྒྱལ་སའི་ནུས་པ་གཅིག་སྡུད་ཁུལ་མིན་པའི་གཏད་ཤུགས་དང་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། པེ་ཅིང་གི་རྒྱལ་སའི་ནུས་པ་མིན་པའི་དམིགས་འབེན་དང་བསྟུན་ཅི་ཐུབ་སྒོས་གྲོང་ཁྱེར་འཛུགས་སྐྲུན་དང་ལས་གཞི་ནང་འདྲེན་བྱེད་དགོས། འཆར་འགོད་ཀྱིས་སྣེ་ཁྲིད་བྱས་ཏེ་འཆར་འགོད་ཀྱི་གཟབ་ནན་རང་བཞིན་དང་ཚོད་འཛིན་རང་བཞིན་རྒྱུན་འཁྱོངས་བྱས་ནས། འཆར་འགོད་ནན་འཛིན་སྒོས་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། པའེ་དབྱང་ཏེན་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་སྐྱེ་ཁམས་སླར་གསོ་བྱ་རྒྱུ་གཙོ་གནད་དུ་བཟུང་ནས། ཁུལ་གསར་གྱི་སྐྱེ་ཁམས་ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་དགོས། ཁ་གསལ་བཟོས་ཟིན་པའི་ཁ་འགྲེམས་ལས་གཞི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་། རྗེས་མཐུད་ཁ་འགྲེམས་ལས་གཞིའི་ཞིབ་འཇུག་འཆར་འགོད་དུས་ཐོག་ཏུ་ལག་བསྟར་བྱེད་པ། སྐུལ་འདེད་གཏོང་བ་དང་ཚོད་འཛིན་གྱི་སྲིད་ཇུས་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ། ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་པེ་ཅིང་གི་རྒྱལ་སའི་ནུས་པ་མིན་པའི་ནུས་པ་ཁག་གཅིག་ཁ་འགྲེམས་བྱ་རྒྱུར་སྐུལ་མ་གཏོང་བ་བཅས་བྱེད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་མི་དམངས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། ཚང་མ་ཁུལ་གསར་འཛུགས་སྐྲུན་འཕེལ་རྒྱས་ཁྲོད་འབད་པས་ཞུགས་ནས་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་བསྐྲུན་པར་སྐུལ་འདེད་གཏོང་དགོས།

ཧི་ལིས་ཧྥུན་ཐེངས་འདིའི་བྱེད་སྒོར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།