ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན་བཏོན་པའི་བདེན་འཚོལ་དུས་དེབ་འདོན་ཐེངས་བརྒྱད་པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་ཏེ་ཁ་ཡིག་ལ། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་ལས་དོན་སྤུས་ཚད་མཐོ་ལ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པ་སྤེལ།
རྩོམ་ཡིག་ནང་ནན་གྱིས་བསྟན་དོན། སྤྱི་ཚོགས་འགན་སྲུང་ནི་དམངས་ཚིས་འགན་སྲུང་དང་ལེགས་བཅོས་གཏོང་བ་དང་། སྤྱི་ཚོགས་དྲང་གཞག་ཡོང་བར་སྲུང་སྐྱོབ་བྱེད་པ། མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་བཅས་ཀྱི་གཞི་རྩའི་ལམ་ལུགས་ཀྱི་འགན་སྲུང་ཡིན་ལ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་གལ་ཆེན་ཞིག་ཀྱང་ཡིན་པས། དམངས་ཚིས་འགན་སྲུང་གི་བདེ་འཇགས་དྲ་བ་དང་ཡོང་འབབ་བགོ་འགྲེམ་སྙོམས་སྒྲིག་ཡོ་བྱད། དཔལ་འབྱོར་འཁོར་རྒྱུག་ཉུང་གཏོང་ཡོ་བྱད་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད་པར་མ་ཟད། །རྒྱལ་སྐྱོང་བདེ་འགོད་ཀྱི་གནད་དོན་ཆེན་པོ་ཞིག་ཀྱང་ཡིན།
རྩོམ་ཡིག་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་ཀྲུང་དབྱང་གིས་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱ་རྒྱུ་སྔར་ལས་མངོན་གསལ་ཅན་གྱི་གནས་བབ་སྟེང་བཞག་ནས། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ལས་དོན་མྱུར་བགྲོད་ལམ་བུའི་སྟེང་བསྐྱོད་རྒྱུར་སྐུལ་འདེད་བཏང་། ང་ཚོས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཆབ་སྲིད་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།མི་དམངས་བླ་ན་མེད་པ་དང་མཉམ་དུ་ཕྱུག་པོར་འགྱུར་རྒྱུ་རྒྱུན་འཁྱོངས་བྱེད་པ། ལམ་ལུགས་ཀྱིས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དུས་བསྟུན་མདུན་སྐྱོད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། དངོས་ཐོག་བདེན་འཚོལ་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་གྲུབ་འབྲས་ཐོབ་པའི་ངང་འཛུགས་སྐྲུན་བྱས། མ་ལག་ཆ་ཚང་བའི་འདུ་ཤེས་རྒྱུན་འཁྱོངས་དང་འཐབ་ཇུས་ཀྱི་མིག་རྒྱང་འཛུགས་པ། ཉེན་ཚབས་ཀྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ། རྒྱལ་སྤྱིའི་མཐོང་རྒྱ་ཆེ་རུ་གཏོང་བ་བཅས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཐ་ན་དུས་ཡུན་དེ་ལས་ཀྱང་རིང་བའི་སྤྱི་ཚོགས་འགན་སྲུང་ལས་དོན་ཚན་རིག་དང་མཐུན་པར་ཇུས་འགོད་བྱེད་དགོས།
རྩོམ་ཡིག་ནང་བསྟན་དོན། སྤྱི་ཚོགས་འགན་སྲུང་གི་ཕྱོགས་སོ་སོའི་བར་དང་། སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་དང་འབྲེལ་ཡོད་ཁྱབ་ཁོངས་གཞན་དག་བར་གྱི་བཅོས་སྒྱུར་འབྲེལ་བར་སྟངས་འཛིན་འཕྱུགས་མེད་བྱས་ནས། སྤྱི་འདོམས་ཇུས་འགོད་དང་མཐུན་སྦྱོར་སྐུལ་འདེད་ཀྱི་ནུས་པ་ཆེ་རུ་བཏང་སྟེ། བཅོས་སྒྱུར་ཁག་སོ་སོར་སྤྱི་ཡོངས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་འགན་ལེན་བྱེད་དགོས། སྤྱི་ཚོགས་འགན་སྲུང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། ཁྲིམས་འཛུགས་དང་ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་གི་སྤྱི་ཚོགས་འགན་སྲུང་ལས་དོན་ལ་ཤུགས་སྣོན་དགོས། སྤྱི་ཚོགས་འགན་སྲུང་ཞིབ་ཚགས་ཅན་གྱི་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། སྤྱི་ཚོགས་འགན་སྲུང་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་དགོས། སྤྱི་ཚོགས་འགན་སྲུང་གིས་ནད་ཡམས་ཀྱི་ཤུགས་རྐྱེན་ལ་ཁ་གཏད་འཇལ་བའི་ཐད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། རང་རྒྱལ་གྱི་སྤྱི་ཚོགས་འགན་སྲུང་གིས་གློ་བུར་བའི་ཉེན་ཁ་ཚབས་ཆེན་ལ་དམིགས་པའི་འཕྲལ་སྡོམ་དང་ལེན་ལམ་སྲོལ་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས། ལམ་ལུགས་ཀྱི་གཅིག་གྱུར་རང་བཞིན་དང་ཚད་ལྡན་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཀྱི་རྩེ་རིམ་ཇུས་འགོད་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཡོངས་མཐུན་སྒྲིལ་གོང་བུ་གཅིག་གྱུར་ཡོང་བར་བྱེད་དགོས།
བན་དེ་སྐྱབས་ཀྱིས་བསྒྱུར།