ཞིང་ཆེན་རིམས་འགོག་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་བསྡུས།
2022.04.17 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 52

ཟླ་བཞི་པའི་ཚེས་བཅུ་དྲུག་ཉིན། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཡོངས་དང་ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་ཡར་ཞུར་ཉན་པ་དང་། དེང་སྐབས་ཀྱི་རིམས་ནད་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་བྱས་པར་མ་ཟད། རྗེས་ཕྱོགས་ཀྱི་བྱ་བ་གཙོ་བོར་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་ཚབ་མ། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝུའུ་ཞའོ་ཅུན་གྱིས་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲུང་ཡིག་ཆེན་མོ་ཡུས་ཚུང་ལི་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཟི་ལིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཁྲིན་རོས་ཧྥིན། ཧྲིན་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་གཞོན་པ་ཁོང་ཡུང་བཅས་ཚོགས་འདུར་ཞུགས།

གྲོས་ཚོགས་ནས་བསྟན་དོན། དེང་སྐབས་རྒྱལ་ནང་དུ་རིམས་ནད་མང་དུ་བསྟུད་མར་ཆེས་ཆེར་མཆེད་བཞིན་ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་རིམས་ནད་ཀྱི་གནས་བབ་ཀྱང་རྙོག་འཛིང་ཆེ་ཞིང་། ཕྱི་ནས་ནང་དུ་མཆེད་པ་འགོག་པ་དང་ནང་ནས་བསྐྱར་དུ་འཕར་བ་འགོག་པའི་གནོན་ཤུགས་གཉི་གར་འཕྲད་ཡོད་ལ། རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བ་དེ་སྒེའུ་ཁུང་ལྟ་བུའི་དུས་སྐབས་དང་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དགོངས་དོན་གལ་ཆེན་ལག་བསྟར་ཟབ་མོ་བྱས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྡོམ་རྐྱེན་སྲོལ་གྱི་བཀོད་སྒྲིག་ལྟར། རིམས་འགོག་གི་སྙིང་སྟོབས་རླབས་ཆེན་དར་སྤེལ་བྱེད་པ་དང་། མི་དམངས་བླ་ན་མེད་པ་དང་ཚེ་སྲོག་བླ་ན་མེད་པ་རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་ཞིང་གནད་ལ་འཁེལ་བ་དང་འགུལ་རྣམ་གཙང་སེལ་རྒྱུན་འཁྱོངས་བྱེད་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ། བློ་བརྟན་འགྱུར་མེད་ཀྱིས་འབད་འཐབ་བྱེད་པ་བཅས་བྱས་ཏེ། གཟབ་ནན་དང་་བྲེལ་འཚུབ། མགྱོགས་མྱུར། རྣལ་མ། ཞིབ་ཚགས་བཅས་ཀྱི་སྒོ་ནས་རིམས་ནད་འགོས་མཆེད་ཀྱི་སྦྲེལ་ཐག་བཅད་དེ། རིམས་ནད་འགོས་མཆེད་དུ་འགྲོ་བར་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ནང་དུ་བསྐྱར་འཕར་འགོག་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་པས། བརྟག་འོས་ཡོངས་བརྟག་དང་བསྡུ་འོས་ཡོངས་བསྡུ། འགར་འོས་ཡོངས་འགར། བཅོས་འོས་ཡོངས་བཅོས་བཅས་རྒྱུན་འཁྱོངས་ཀྱིས་སེམས་ཐག་ཆོད་པོས་དགོས་ངེས་ཀྱི་བྱེད་ཐབས་སྤྱད་དེ། ཉིང་སྐྱུར་བརྟག་དཔྱད་གོ་རིམ་ལྡན་ཞིང་ཕན་ནུས་ཆེ་ལ་མི་གཅིག་ཀྱང་མི་ལུས་པར་བྱེད་པ་དང་། རིམས་དཔྱད་དང་རྗེས་སྙེག་གི་འགོ་ཁུངས་གསལ་ལ། འགྲུལ་བཞུད་ཀྱི་རྗེས་ཤུལ་གསལ་བ། འབྲེལ་ཐུག་གི་ཁྱབ་ཁོངས་གསལ་བ། འབྲེལ་ཐུག་གི་དུས་ཚོད་གསལ་བ་བཅས་བྱེད་པ། བརྒྱུད་འདྲེན་དང་ལོགས་བཀར་ཚན་རིག་དང་མཐུན་ཞིང་ཚད་ལྡན་ཡིན་ལ་ནོར་འཆུག་མེད་པ། སྨན་བཅོས་མྱུར་སྐྱོབ་ཐད་མི་རེར་ཇུས་གཅིག་ལག་བསྟར་བྱེད་པ་དང་གནད་འཁེལ་མྱུར་སྐྱོབ་བྱེད་པ་བཅས་བྱེད་དགོས། མུ་མཐུད་དུ་ཕྱི་ནས་ནང་དུ་མཆེད་པ་འགོག་པའི་འགོག་སྡོམ་བྱེད་ཐབས་དམ་འཛིན་བཟང་པོ་བྱས་ཏེ། མི་དང་བྱ་དངོས། ཁོར་ཡུག་གསུམ་ཐད་ནས་འགོག་པ་རྒྱུན་འཁྱོངས་བྱེད་པ་དང་། མེ་འཁོར་འབབ་ཚིགས་དང་རླངས་འཁོར་ས་ཚིགས། གནམ་གྲུ་ཐང་། ཞིང་ཆེན་གཞན་པའི་བར་གྱི་འགྲིམ་འགྲུལ་འགག་སྒོ་བཅས་སུ་མཐའ་གཅིག་ཏུ་འགོག་སྲུང་བཟང་པོ་བྱེད་དགོས། ས་ཁོངས་གཙོ་བོ་དང་གནས་ཡུལ་གཙོ་བོའི་འགོག་སྡོམ་ལ་ཕྱོགས་ཡོངས་ནས་ཤུགས་བསྣན་ཏེ། རིམས་ནད་འགོག་སྡོམ་གྱི་བྱ་བའི་ལམ་ལུགས་སྣ་ཚོགས་ལག་བསྟར་ནན་མོ་བྱས་ནས། ཁོངས་གཏོགས་ས་ཆའི་འགན་འཁྲི་དང་ལྟ་སྐུལ་དོ་དམ་འགན་འཁྲི་ནན་དཀྲི་བྱེད་དགོས། འཚོ་བ་དང་རིམས་འགོག་གི་དངོས་རྫས་འགན་སྲུང་བྱ་བ་དངོས་སུ་བཟང་པོར་སྒྲུབ་སྟེ། སྐྱེལ་འདྲེན་གེགས་མེད་སྒོས་སྡོད་དམངས་ཀྱི་གཞི་རྩའི་འཚོ་བ་དང་སྨན་བཅོས་ཀྱི་དགོས་མཁོར་སྟོབས་ཤུགས་ཡོད་རྒུས་འགན་སྲུང་བྱས་ནས། མི་ཆོས་སེམས་ཁུར་ལ་ཤུགས་སྣོན་དགོས།  རྩ་འཛུགས་འགོ་ཁྲིད་མ་ལག་དང་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ལེབ་སྙོམས་ཅན་གྱི་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་བཙུགས་ཏེ། གཅིག་གྱུར་གྱིས་བཀོད་འདོམས་དང་འགུལ་རྣམ་ལ་ཞིབ་འཇུག་བརྡར་གཅོད། ལྟ་སྐུལ་ལ་ཤུགས་སྣོན། གོང་འོག་སེམས་གཅིག་བཅས་བྱས་ནས། ཆ་ཚང་ཞིང་དང་ཕན་ནུས་ལྡན་པའི་འགོག་སྡོམ་གྱི་མཉམ་ཤུགས་གྲུབ་པར་བྱེད་དགོས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་ཏེ། ཁེ་ལས་ཀྱི་ཐོན་སྐྱེད་རྒྱུ་རྐྱེན་ལ་འགན་སྲུང་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དེང་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་བྱ་བ་གཙོ་བོ་གོ་རིམ་ལྡན་པར་སྤེལ་བ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས་ལ་སྟོབས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་པ། གནས་ཚུལ་ངོ་མ་དང་གནས་ཚུལ་དབང་གྲགས་ཅན་དུས་ལྟར་སྒྲོག་པ། དྲང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་པ། སྤྱི་ཚོགས་ཀྱི་དོ་སྣང་ལ་ལན་གང་ལེགས་འདེབས་པ་བཅས་བྱས་ཏེ། དམངས་སེམས་གཅིག་མཐུན་དང་དཀའ་ངལ་མཉམ་སེལ་གྱི་དྲང་ཕྱོགས་ནུས་ཚད་གཅིག་སྡུད་བྱེད་དགོས།

ཚོགས་འདུའི་སྔོན་ལ། ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན་གཉིས་ཀྱིས་བརྡ་མ་བརྒྱབ་པ་དང་འགྲོ་རོགས་མ་བོས་པར་ཐད་ཀར་དུ་མཁར་ནུབ་ཁུལ་གྱི་བཞི་མདོ་ཆེན་མོའི་སྣ་འཚོམས་ཚོང་རའི་རིམས་ནད་འགོག་སྡོམ་དང་། མཁོ་འདོན་འགན་སྲུང་། དངོས་གོང་བརྟན་འཇགས་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་མཛུབ་སྟོན་བྱས་ཏེ། ཚོང་ར་དེར་མི་སྣའི་ལུས་དྲོད་ལ་བརྟག་པ་དང་། ཁ་ཐུམ་རྒྱག་ཏུ་འཇུག་པ། བདེ་འཇགས་ཀྱི་བར་ཐག་འཛིན་དུ་འཇུག་པ། དུག་སེལ་བ་དང་རླུང་རྒྱུ་རུ་འཇུག་པ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱེད་དགོས་ལ། གནས་ཚུལ་ལ་གཞིགས་ཏེ་ཚོང་གཉེར་གྱི་དུས་ཚོད་ཇེ་རིང་དུ་བཏང་ནས། སྡོད་དམངས་ལ་མཁོ་བའི་སྔོ་ཚལ་འདང་ཚིམས་པ་ཡོད་པ་དང་རིན་གོང་བརྟན་འཇགས་ཡིན་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན་པ་དང་། ཚོང་རྫས་ཉོ་བའི་མང་ཚོགས་ཀྱིས་རིམས་ནད་འགོག་སྡོམ་བྱ་བར་རྒྱུས་ལོན་དང་གཞོགས་འདེགས་བྱས་པར་བཀའ་དྲིན་ཞུས་ལ། ཁོ་ཚོས་རང་སྲུང་བཟང་པོ་བྱས་ཏེ་རིམས་ནད་འགོག་སྡོམ་གྱི་འཐབ་འཛིང་ལས་རྣམ་པར་རྒྱལ་བར་བྱས་རྗེས་འཇོག་དགོས་པའི་སྐུལ་མ་གནང་།